ས་མཐོའི་སྤུས་ལེགས་ཐོན་རྫས་རྒྱ་ཆེ་བའི་ཁྲོམ་རར་བཏོན་པ།
ཞོགས་པ། ས་བབ་སྨི་3500ཡན་ཟིན་པའི་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་གི་རྒུན་འབྲུམ་ལྡུམ་རར་བ་མོ་ཕྲན་བུ་ཆགས་ཀྱང་། ཕག་གྲུ་རུང་ཧྲུན(ས་གཙང)གཞིས་ཀའི་ཨ་རག་སྙལ་སར་དྲོ་སོབ་སོབ་ཡོད། 2026ལོའི་ཟླ་1ཚེས་4ཉིན། “ཕག་གྲུའི་དྭངས་གཙང”དང“ཕག་གྲུ་རི་སྒང”ཞེས་པའི་མཚོན་རྟགས་བསྒར་བའི་ས་མཐོའི་རྒུན་འབྲུམ་ཨ་རག་ཕག་གྲུ་རུང་ཧྲུན(ས་གཙང)གཞིས་ཀ་ནས་ཀྲུང་གོའི་ཤང་ཀང་དུ་དབོར་འགོ་ཚུགས་པ་དང་། འདི་ནི་ཟངས་རིའི་རྒུན་འབྲུམ་ཨ་རག་འཛམ་གླིང་གི་ཁྲོམ་རར་བཏོན་ཐེངས་དང་པོ་རེད།
ཉེ་ཆར། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཟངས་རི་རྫོང་ཁྲལ་དོན་ཅུས་ཀྱིས་ལས་སྒོའི་རྐང་འཛིན་པ་སྒྲིག་འཛུགས་བྱས་ཏེ། ཟངས་རི་རྫོང་ཕག་གྲུ་རུང་ཧྲུན(ས་གཙང)གཞིས་ཀ་ཚད་ཡོད་ཀུང་སིར་བསྐྱོད་ཅིང་། ཁེ་ལས་ཀྱི་འགན་འཁུར་བ་ལུའོ་མིང་ལུའུ་ཡིས“འདི་ནི་ང་ཚོའི་ཁེ་ལས་ཀྱི་ཐོན་རྫས་ཕྱིར་གཏོང་བྱེད་ཐེངས་དང་པོ་རེད། སྲིད་ཇུས་དང་བརྒྱུད་རིམ་མང་པོར་རྒྱུས་མངའ་དེ་ཙམ་མེད་པས་ལྷུ་ཚིགས་གང་ཞིག་ཏུ་གནད་དོན་ཐོན་ཡོང་བསམས་ནས་བློ་བདེ་པོ་གཏན་ནས་མི་འདུག”ཅེས་བརྗོད། ཁེ་ལས་ཀྱི་ཐོན་རྫས་ཕྱིར་གཏོང་གི་སྲིད་ཇུས་ལ་རྒྱུས་མངའ་མེད་པ་དང་། བརྒྱུད་རིམ་གསལ་པོ་མེད་པ། ཉེན་ཁ་ཚོད་འཛིན་བྱེད་དཀའ་བ་སོགས་ཀྱི་གནད་དོན་ལ་དམིགས་ནས“གཅིག་གཏད་གཅིག”གི་ཟུར་ཁྲིད་བྱེད་སྒོ་ཞིག་སྤེལ་བ་རེད།
བཀོལ་སྤྱོད་བྱེད་སྟངས་མཛུབ་ཁྲིད་བྱས་པས་ཁེ་ལས་བློ་བདེ་པོ་བྱུང་ཞིང་། “ཡོང་སྒོའི་ཁྲལ་འབབ་ཞིབ་རྩིས་རྒྱག་སྐབས་གང་ཞིག་ལ་དོ་སྣང་བྱེད་དགོས་པ”དང་། “གློག་རྡུལ་ཁྲལ་དོན་ཅུས་ཀྱི་ཡིག་ཐོག་སྙན་ཞུ་ཇི་ལྟར་འབུལ་དགོས་པ”སོགས་ཁེ་ལས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་དམིགས་ནས། ཁྲལ་དོན་མི་སྣས་ཞིབ་ཕྲའི་དཔེ་མཚོན་དང་ཟུང་འབྲེལ་གྱིས“ཁྲལ་ཆག་དང་། ཁྲལ་གཅོག ཁྲལ་སློག”བཅས་རྩིས་རྒྱག་སྟངས་ལ་རེ་རེ་བཞིན་འགྲེལ་བཤད་བརྒྱབ་སྟེ་ཕྱིར་གཏོང་སྒོ་སྒྲོལ་འཛིན་ཐོ་དང་། བཙོངས་འཛིན། དངུལ་བསྡུའི་དཔང་འཛིན་སོགས་དགོས་ངེས་དཔྱད་ཡིག་གི་ཞིབ་ཐོ་བཀོད་པ་མ་ཟད། “ཟླ་བ་རྗེས་མའི་གནས་ཐང་འཕར་ཁྲལ་གྱི་ཁྲལ་འཇལ་སྙན་ཞུའི་དུས་ཚོད་ནང་ཟླ་བ་དེ་གའི་ཕྱིར་གཏོང་དངོས་ཟོག་གི་གནས་ཐང་འཕར་ཁྲལ་གྱི་ཁྲལ་འཇལ་སྙན་ཞུ་དང་། ཁྲལ་ཆག་དང་། ཁྲལ་གཅོག ཁྲལ་སློག་བཅས་ཀྱི་འབྲེལ་ཡོད་སྙན་ཞུ་འབུལ་དགོས་པ་མ་ཟད། དངོས་ཟོག་སྒོ་ཁྲལ་གནས་ཞུ་བྱས་ནས་ཕྱིར་གཏོང་བྱེད་ཉིན་གྱི་ཟླ་བ་རྗེས་མ་ནས་བཟུང་ཕྱི་ལོའི་ཟླ་4ཚེས་30ཉིན་གོང་གི་གནས་ཐང་འཕར་ཁྲལ་གྱི་ཁྲལ་འཇལ་སྙན་ཞུའི་དུས་ཚོད་ནང་འབྲེལ་ཡོད་དཔང་འཛིན་ཚང་མ་བསྡུས་ནས་ཕྱིར་གཏོང་དངོས་ཟོག་གི་གནས་ཐང་འཕར་ཁྲལ་གྱི་ཁྲལ་ཆག་དང་། ཁྲལ་གཅོག ཁྲལ་སློག་བཅས་ཀྱི་སྙན་ཞུ་འབུལ་དགོས་པ་བློ་ལ་ངེས་དགོས”ཞེས་སྙན་ཞུའི་དུས་བཀག་དམིགས་སུ་བཀར་ནས་དྲན་སྐུལ་བྱས་པ་རེད།
“དེ་སྔ་ཕྱིར་གཏོང་ཁྲལ་སློག་བྱེད་པར་རྙོག་དྲ་ཧ་ཅང་ཆེན་པོ་འདུག་བསམས་ནས་ལས་སླ་པོར་ཚོད་ལྟ་བྱས་མེད། ད་ཐེངས་ཟུར་ཁྲིད་ནང་སྲིད་ཇུས་དང་བརྒྱུད་རིམ་གསལ་པོ་བཤད་པ་མ་ཟད། ད་དུང་བཀོལ་སྤྱོད་བྱེད་སྟངས་མཛུབ་ཁྲིད་བྱས་པས། ང་ཚོ་བློ་བདེ་པོ་བྱུང”ཞེས་ལུའོ་མིང་ལུའུ་ཡིས་བརྗོད་པ་དང་། ཁོང་གིས“ད་ཡིན་ན་བློ་བདེ་པོས་ཟངས་རིའི་རྒུན་འབྲུམ་ཨ་རག་འཛམ་གླིང་གི་ཁྲོམ་རར་བཏོན་ཆོག་པ་འདུག”ཅེས་དགའ་ཚོར་ཆེན་པོས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།