སྐལ་བཟང་གཡང་ལགས།
མཚོ་སྟོད་གྲོང་མིའི་ཁྱིམ་ཚང་ནས། རིག་གནས་ཞབས་ཞུའི་གསོན་ཤུགས་འཕེལ།

འདི་ནི་མཚོ་སྟོད་གྲོང་མིའི་ཁྱིམ་ཚང་གི་ཟུར་ཞིག་ཡིན་པ།

འདི་ནི་གྲོང་གསེབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་བྱེད་སྒོ་སྤེལ་ཡུལ་ཡིན་པ།
སྐལ་བཟང་གཡང་ལགས་ཐེངས་དང་པོ་མཐོང་སྐབས། བོད་ཆས་དཔེ་གསར་སྙིང་རྗེ་མོ་ཞིག་གྱོན་ནས་སྲོལ་རྒྱུན་གྱི་ཉམས་འགྱུར་རྒྱུན་འཛིན་དང་། དེང་རབས་བུད་མེད་ཀྱི་ཁྱད་དུ་འཕགས་པའི་འཇོན་ཐང་གང་ལེགས་མངོན་འོང་བའི་ཚོར་སྣང་ཞིག་སྟེར། ད་ལོ་ལོ་32ལ་སླེབས་པའི་ཁོང་ཕྱི་རྒྱལ་ནས་སློབ་མཐར་ཕྱིན་རྗེས་བོད་ཀྱི་རིག་གནས་བྱ་གཞག་འཕེལ་རྒྱས་ཀྱི་ལས་ལ་ཞུགས། གྲོང་གསེབ་ཏུ་གཉེར་བའི་སྤྱི་པའི་རིག་གནས་རྣམ་གྲངས་སྐོར་གླེང་སྐབས་ཁོང་གིས་བརྩེ་བ་ཟབ་ལ་རྒྱུས་མངའ་ཆེན་པོས་དེ་དོན་གླེང་འགོ་ཚུགས།
“རིག་གནས་སྒྱུ་རྩལ་ཁྱབ་ཁོངས་སུ་ལས་སྒྲུབ་ལས་གཏོད་དང་སོ་སོའི་འཇོན་ཐང་ངོམ་ནས་དུས་རབས་གསར་པའི་བོད་ཀྱི་རྣམ་པ་གསར་པ་མངོན་པ་དང་མང་ཚོགས་ལས་ཞུགས་འབབ་འཕར་ལ་སྐུལ་ཁྲིད་བྱེད་པ་ནི་བདེ་སྐྱིད་ཅིག་རེད”ཅེས་སྐལ་བཟང་གཡང་ལགས་ཀྱིས་བཤད་པ་དང་། ཁོང་གིས། ལས་གཏོད་བྱེད་པ་དེ་ནི་རང་ངོས་འཕེལ་རྒྱས་གཏོང་རྒྱུ་ཁོ་ན་མ་ཡིན་པར། མི་སྒེར་གྱི་བྱ་གཞག་དེ་ཡུལ་ཕྱོགས་གཅིག་དང་མང་ཚོགས་ཁྲི་སྟོང་མང་པོ་དང་གཅིག་ཏུ་འབྲེལ་དགོས།
“རང་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ད་ཡོད་གནས་བབ་ལ་དོ་ཁུར་བྱེད་པ་ནི་ངས་ལས་གཏོད་གདམ་ག་བྱེད་པའི་ནང་གནས་ཀྱི་སྒུལ་ཤུགས་ཡིན་ལ། ལས་ཀ་དེ་རྒྱུན་འཁྱོངས་ཡོང་བའི་གདིང་ཤུགས་ཀྱང་ཡིན”ཞེས་ཁོང་གིས་བཤད།
ད་ལོ་ཁོང་གིས་གྲོང་གསེབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུ་ལྗོངས་ཡོངས་སུ་སྤུས་ཚད་མཐོ་པོས་ཁྱབ་གདལ་གཏོང་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཞིང་། ལས་ཀ་དེ་ལྷུན་གྲུབ་རྫོང་མཚོ་སྟོད་ཤང་གི་བེད་མེད་ཀྱི་ཐོག་ཁང་རྙིང་པ་སྒྱུར་བཀོད་བྱེད་པ་ནས་འགོ་བཙུགས་པ་རེད། ད་ཆ་མཚོ་སྟོད་གྲོང་མིའི་ཁྱིམ་ཚང་དེ་ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་སྤྱི་པའི་རིག་གནས་ཀྱི་བར་མཐོངས་གསར་པ་དང་པོར་གྱུར་ཡོད། དེ་ག་ནི་མང་ཚོགས་ཀྱིས་རིག་གནས་འཚོ་བ་ལོངས་སུ་སྤྱོད་སའི་དྲོ་སྐྱིད་ལྡན་པའི་གནས་ཤིག་རེད་ལ། རིག་གནས་དར་སྤེལ་བཏང་སྟེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་རམ་འདེགས་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཀྱང་རེད།
ཁྱིམ་ཚང་དེ་ད་ཆ་ཡུལ་མི་ཚོས་དགའ་ཤོས་བྱེད་པའི་གནས་ཤིག་ཏུ་གྱུར་ཅིང་། དེས་བོད་ཀྱི་རིག་གནས་དང་དེང་རབས་ཀྱི་སྤྱི་པའི་རིག་གནས་བར་མཐོངས་མཉམ་འདྲེས་བྱས་པ་མཚོན་ཡོད། ཁྱིམ་གྱི་སྒོ་རྩ་ནས་སྤུས་ལེགས་ཀྱི་རིག་གནས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པས་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པ་དང་། ཁྱིམ་གྱི་སྒོ་རྩ་ནས་རང་ཉིད་ལ་དབང་བའི་གར་སྟེགས་ཤིག་རྙེད་པ་དེས་ཕ་ཡུལ་དུ་ལོག་མཁན་སློབ་ཆེན་སློབ་མའི་ལས་གཏོད་ཀྱི་ལམ་བུ་ཡངས་སུ་ཕྱིན་ཡོད།
ཁོང་དང་ཚོགས་པས་གཉེར་སྐྱོང་བྱས་པའི་རིག་གནས་ཀྱི་བར་མཐོངས་བཞི་ཡིས་ཐེམ་ཁུངས་བོད་ནས་ཡིན་པའི་སློབ་ཆེན་སློབ་མ་30ཙམ་ལ་ཕ་ཡུལ་དུ་ལོག་ནས་ལས་གཏོད་དམ་ཡང་ན་ཕ་ཡུལ་དུ་ལས་ཞུགས་བྱེད་པའི་གོ་སྐབས་རག་ཡོད། རིམ་རྩིས་བརྒྱབ་ན་བྱེད་སྒོ་ཐེངས་200ཙམ་སྤེལ་ཏེ་གསར་གཏོད་ཀྱི་ཐབས་ལམ་ལ་བརྟེན་ནས་རིག་གནས་ཀྱི་བཀྲག་མདངས་འཚེར་བར་བྱས་ཡོད།
“དེ་དག་ཚང་མ་མཐར་གཏུགས་ནས་བརྗོད་ན་མི་དམངས་མང་ཚོགས་ཀྱི་གཞི་རྩའི་རིག་གནས་ཁེ་དབང་མངོན་འགྱུར་དང་། སྲུང་སྐྱོང་། འཕེལ་རྒྱས་བཅས་སྔར་བས་ལེགས་པ་བྱ་རྒྱུ་དང་། སྤུས་ཚད་དེ་བས་མཐོ་བ་དང་། ལས་ཕྱོད་དེ་བས་ཆེ་བ། དྲང་སྙོམས་དེ་བས་ལྡན་པ། རྒྱུན་མཐུད་དེ་བས་ཆོག་པ་བཅས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུ་སྒྲུབ་ཆེད་ཡིན་པ་རེད” ཁོང་གིས“སྤྱི་ཚོགས་ཀྱི་སྟོབས་ཤུགས་རྒྱ་ཁྱབ་ངང་ཞུགས་པ་དེས་ས་གནས་དེ་གའི་རིག་གནས་ཤེས་ལྡན་པ་གསོ་སྐྱོང་དང་རིག་གནས་ཐོན་ལས་སྐྱེད་སྲིང་བྱ་རྒྱུར་ཕན་ཐོགས་པ་མ་ཟད། སྤྱི་པའི་རིག་གནས་ཞབས་ཞུ་སྒྱུར་བཅོས་གཏིང་ཟབ་བྱས་པ་བརྒྱུད་ལས་ཞུགས་ལ་སྐུལ་ཁྲིད་དང་དཔལ་འབྱོར་ལ་སྐུལ་འདེད་ཐུབ་སྟེ། བོད་ཀྱི་རིག་གནས་ཀྱི་གསོན་ཤུགས་དངོས་འཕེལ་བ་དང་གདེང་ཚོད་སྔར་བས་ཆེ་བའི་སྒོ་ནས‘ཕྱིར་སྐྱོད་ཐུབ་པའི’”ཕྱོགས་སྡོམ་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།