དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ། རྒྱལ་ཁབ་བདེ་འཇགས་ལེགས་པར་བསྲུངས།

    —— ལྗོངས་ཡོངས་ཀྱིས་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོའི་རིམ་སྤེལ་བྱེད་སྒོ་སྤེལ་བའི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-17

    ད་ལོའི་ཟླ་4ཚེས་15ཉིན་ནི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་ཐེངས་བཅུ་གཅིག་པ་རེད།

    སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་གཏིང་ཟབ་བྱ་ཆེད། ཉིན་ཤས་བསྟུད་མར་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས“འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་ཏེ‘ལོ་ལྔ་ཚན་བཅོ་ལྔ་པའི’རྒྱང་ལམ་གསར་པར་སྲུང་སྐྱེལ་བྱེད”ཅེས་པའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས། ས་ཁོངས་ཀྱི་ཁྱད་ཆོས་དང་ཚོགས་སྤྱིའི་དགོས་མཁོ་དང་ཟུང་འབྲེལ་གྱིས་རྣམ་པ་སྣ་ཚོགས་དང་ཁྱོན་ཡོངས་ལ་ཁྱབ་པའི་སྒྲོག་འགྲེལ་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ་རྒྱལ་ཁབ་བདེ་འཇགས་ཀྱི་ཤེས་བྱ་མང་ཚོགས་ཚོས་ཤེས་ཐུབ་པར་སྐུལ་འདེད་བཏང་བ་རེད།

    “ང་རང་རྟག་ཏུ་བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་གི་ཉེ་འགྲམ་དུ་སྐུར་མ་སྐྱེལ་བར་འགྲོ་གི་ཡོད། ཉིན་ཞིག་ང་ལ་སྨན་ཁང་གི་ཐོག་བརྩེགས་ཁང་ཆེན་པར་དུ་ལེན་དགོས་པའི་མངགས་ཐོ་ཞིག་འབྱོར་བྱུང་། སྐབས་དེར་ངའི་བསམ་པར་དེ་ཁྱད་མཚར་པོ་ཞིག་འདུག་སྙམ་ནས་ཁས་ལེན་བྱས་མེད། ད་ལྟ་བསམ་བློ་གཏོང་དུས་དེ་ནི་གསང་མྱུལ་གྱི་བྱེད་སྤྱོད་ཅིག་རེད་འདུག”ཅེས་ཉིན་ཤས་གོང་རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇགས་ཀྱི་མི་དམངས་འགོག་རགས་འཛུགས་གཏོད་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་གཙོ་གཉེར་བྱས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡུལ་དུ་མངགས་སྐྱེལ་བ་སྤེན་པས་རང་ཉིད་ཀྱི་མྱོང་བ་དངོས་བརྗོད་པས་དེ་གར་ཡོད་པའི་མང་ཚོགས་ལ་མྱོང་ཚོར་ཟབ་པོ་བྱུང་ཡོད།

    མིག་སྔར་མེ་ཏོག་རྫོང་དུ་དཔྱིད་ཇ་འཐོག་པའི་སྒང་ཡིན་ཞིང་། མེ་ཏོག་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཚོས་སྒྲོག་འགྲེལ་བྱེད་སྒོ་ཞིང་ནང་དང་མུ་ཁར་སྤེལ་ཞིང་། མི་དམངས་ཉེན་རྟོག་པ་ཚོས་ཇ་འདེབས་ཞིང་པར་དཔྱིད་ཇ་འཐོག་རོགས་བྱེད་ཀྱིན་ངལ་རྩོལ་གྱི་བར་གསེང་དང་བསྟུན་ནས་མང་ཚོགས་ཚོར་དོགས་ཡོད་མི་སྣ་དང་རྒྱུན་གཏན་མིན་པའི་གནས་ཚུལ་ཤེས་རྟོགས་བྱུང་ཚེ་དུས་ཐོག་ཏུ་མངགས་གཏོང་ཁང་ལ་སྙན་སེང་ཞུ་དགོས་པའི་དྲན་སྐུལ་བྱས་པ་རེད།

    “དེ་སྔོན་རྒྱལ་ཁབ་བདེ་འཇགས་ཀྱི་སྐོར་གླེང་སྐབས་རང་ཉིད་དང་ཐག་རིང་པོ་ཡོད་པའི་ཚོར་སྣང་ཡོང་གི་འདུག དེ་རིང་མི་དམངས་ཉེན་རྟོག་པའི་འགྲེལ་བཤད་ལ་ཉན་རྗེས་ང་ཚོས་རྒྱུན་གཏན་ལས་ཀ་བྱེད་སྐབས་སྣང་འཇོག་མང་ཙམ་བྱས་པ་ཡིན་ན་དེ་ཡང་རྒྱལ་ཁབ་བདེ་འཇགས་ལ་ལེགས་སྐྱེས་འབུལ་བ་ཞིག་ཡིན་པ་གཞི་ནས་ཤེས་བྱུང”ཞེས་མེ་ཏོག་རྫོང་ཡ་གདུང་གྲོང་ཚོའི་ཇ་འདེབས་ཞིང་པ་རྟ་མགྲིན་གྱིས་བཤད།

    གཞི་རིམ་གྱི་འཐབ་ས་དང་པོར་དམིགས་པ་དང་མང་ཚོགས་ཀྱི་དགོས་མཁོར་གཞི་ཚུགས་ཏེ་ལྗོངས་ཡོངས་ཀྱི་རིམ་ཁག་དང་སྡེ་ཚན་ཁག་གིས་ཉེ་འགྲམ་གྱི་བྱ་བར་བརྟེན་ནས་ཉེ་འགྲམ་གྱི་མི་རྣམས་ལ་དྲན་སྐུལ་བྱེད་པའི་སྒྲོག་འགྲེལ་བྱེད་སྟངས་ཐོག་ནས་དཔེ་དེབ་ནང་གི་རྒྱལ་ཁབ་བདེ་འཇགས་ཤེས་བྱ་དག་ཞིབ་ཕྲ་དང་མྱོང་ཚོར་ཐུབ་པ་ཞིག་ཏུ་འགྱུར་བར་བྱས་ལ། རྒྱལ་ཁབ་བདེ་འཇགས་དྲིལ་བསྒྲགས་ཀྱི་ལས་དོན་དྲོ་སྐྱིད་ལྡན་ལ་དེ་བས་ཟིལ་ཤུགས་ལྡན་པ་ཞིག་ཏུའང་འགྱུར་བར་བྱས་ཡོད།

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བརྒྱད་གཅིག་སྡེ་ཁུལ་དུ་སྒྲོག་འགྲེལ་པས་ཡིག་ཆ་སྒྲོག་སྦྱངས་ཙམ་གྱིས་མ་ཚད་གློག་འཕྲིན་ཁ་བསླུས་དང་། དྲ་རྒྱའི་དཀྲོག་གཏམ། མི་སྒེར་གྱི་ཆ་འཕྲིན་སྲུང་བ་བཅས་མི་སེར་གྱི་རྒྱུན་གཏན་འཚོ་བའི་ནང་རྟག་ཏུ་འཕྲད་བཞིན་པའི་དོན་དག་ལ་དམིགས་ཏེ། གོ་བདེ་ཞིང་ཤེས་སླ་བའི་སྐད་ཆའི་ཐོག་ནས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བར་འགྲེལ་བཤད་བརྒྱབ་ཡོད། གཞིས་རྩེ་གྲོང་ཁྱེར་ཇོ་མོ་གླང་མའི་ལམ་དུ་གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པས་གྱོད་དཔེ་ངོ་མ་དང་ཟུང་འབྲེལ་བྱས་ཏེ་མང་ཚོགས་ལ“ཆ་རྒྱུས་མེད་པའི་དྲ་ཚུགས་ཁ་འབྱེད་རྒྱུ་མེད་པ་དང་། དོགས་ཡོད་མི་སྣར་དོ་སྣང་བྱེད་དགོས། གལ་ཏེ་གནད་དོན་ཤེས་རྟོགས་བྱུང་ཚེ་དུས་ཐོག་ཏུ་12339ལ་ཁ་པར་རྒྱག་དགོས”ཞེས་ནན་བཤད་བྱས། ལེགས་རྩེ་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་མཐའ་མཚམས་ཉོ་ཚོང་ཁྲོམ་ར་དང་། ཚོང་ཁང་དང་སྒོ་རྩིས་ཚོང་ཁང་། སློབ་གྲྭ་སོགས་གཙོ་གནད་ཁུལ་དུ་བསྐྱོད་དེ་རྒྱལ་ཁབ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་འགྲེལ་བཤད་བརྒྱབ་ནས་མཐའ་མཚམས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་མི་དམངས་འགོག་རགས་བརྟན་དུ་བཏང་བ་རེད། མངའ་རིས་ས་ཁུལ་གྱིས་གཅིག་སྡུད་དྲིལ་བསྒྲགས་ས་ཚིགས་9བཙུགས་ཏེ་རྒྱལ་ཁབ་བདེ་འཇགས་སློབ་གསོ་གཏོང་བའི་རྣམ་པ་ཟབ་མོ་བཏོད་ཡོད། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱིས་ཚན་པ་མང་པོའི་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་ལྷོ་ཁ་གྲོང་ཁྱེར་ཡར་ཀླུང་མི་དམངས་སྤྱི་གླིང་གི་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བའི་བརྗོད་དོན་གཙོ་བོའི་སྤྱི་གླིང་དུ་དབྱིངས་ཞུགས་རྣམ་པའི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ལག་ལེན་བྱེད་སྒོ་སྤེལ་ཡོད།

    ད་ཐེངས་ཀྱི“ཟུར་ཞུགས་པ”མེད་པའི་རྒྱལ་ཁབ་བདེ་འཇགས་སློབ་གསོ་དེ་ལས་ཁུངས་ནས་གཞི་རིམ་བར་དང་། ལས་བྱེད་པ་ནས་མང་ཚོགས་བར། སློབ་གྲྭ་ནས་མཐའ་མཚམས་བར་བཅས་ཚང་མར་ཁྱབ་སྟེ“རྒྱལ་ཁབ་བདེ་འཇགས་མི་ཚང་མར་འགན་འཁྲི་ཡོད་པ་དང་མི་ཚང་མས་འགན་འཁྲི་གཙང་སྒྲུབ་བྱེད་པའི”འདུ་ཤེས་གངས་ལྗོངས་ས་མཐོར་རྩ་བ་ཚུགས་པ་དང་མེ་ཏོག་བཞད་ནས་འབྲས་བུ་སྨིན་ཐུབ་པ་བྱུང་ཡོད། “ལོ་ལྔ་ཚན་བཅོ་ལྔ་པའི”རྒྱང་ལམ་གསར་པར་སྲུང་སྐྱེལ་བྱེད་པའི་འགོ་འཛུགས་ས་གསར་པར་བོད་ཀྱིས་རྒྱལ་ཁབ་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོ་མུ་མཐུད་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་བདེ་འཇགས་ཀྱི་འདུ་ཤེས་དུད་ཚང་ཁྲི་སྟོང་མང་པོར་ཁྱབ་པ་དང་རྒྱུན་གཏན་འཚོ་བའི་ཁྲོད་མཉམ་འདྲེས་ཐུབ་པར་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།