ཞི་ཅིན་ཕིང་གིས་སུའུ་ལིན་དང་ལྷན་དུ་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་གཞོན་ནུའི་འཐུས་མིར་མཇལ་འཕྲད་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་15ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་དང་ལྷན་དུ“གསར་བརྗེའི་ཞིབ་སྦྱོང་འགྲུལ་བཞུད”ནང་ཞུགས་མཁན་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་གཞོན་ནུའི་འཐུས་མིར་མཇལ་འཕྲད་གནང་བ་རེད།
ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། ན་ནིང་ང་དང་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་གྱིས“གསར་བརྗེའི་ཞིབ་སྦྱོང་འགྲུལ་བཞུད”རྣམ་གྲངས་སྤེལ་འགོ་བཙུགས་པ་དང་ལོ་གཅིག་རིང་རྒྱལ་ཁབ་གཉིས་པོའི་གཞོན་ནུས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མཛའ་གྲོགས་ཀྱི་གསར་བརྗེའི་ས་བོན་ཐུན་མོང་ཐོག་འཚོལ་ཞིབ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྣམ་པ་སྣ་ཚོགས་མྱོང་ཚོར་བྱས་ནས། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་རེས་བྱེད་པ་དང་ཕན་ཚུན་རྒྱུས་མངའ་དང་འཆམ་མཐུན་གྱི་གསོན་ཉམས་ལྡན་པའི་གཏམ་རྒྱུད་མང་པོ་ཀྲུང་གོའི་ས་ཕྱོགས་གང་སར་བཞག་ཡོད་ཅེས་གསུངས་པ་རེད། མི་རིང་བའི་གོང་། ང་ལ་ཝེ་ཐེ་ནམ་ཧ་ནོ་དབྱིའི་རྒྱལ་ཁབ་སློབ་ཆེན་ཕྱི་རྒྱལ་སྐད་ཡིག་ཞོར་གཏོགས་འབྲིང་རིམ་སློབ་གྲྭའི་སློབ་གྲོགས་ཚོས་རྒྱ་ཡིག་ཐོག་ནས་བྲིས་པའི་འཕྲིན་ཡིག་འབྱོར་བའི་ནང“གསར་བརྗེའི་ཞིབ་སྦྱོང་འགྲུལ་བཞུད”ནང་ཞུགས་པའི་མྱོང་ཚོར་ཟབ་མོ་མཉམ་སྤྱོད་བྱས་ཏེ་ཀྲུང་གོ་དང་ཝེ་ཐེ་ནམ་དབར་གྱི་མཛའ་གྲོགས་རྒྱུན་འཛིན་པ་དང་ཁྱབ་སྤེལ་བ་བྱ་རྒྱུའི་སེམས་ཐག་བཅད་འདུག་པས་ང་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། གཞོན་ནུ་ནི་སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་སྟོབས་ཤུགས་ཤིག་རེད་ལ་ཀྲུང་གོ་དང་ཝེ་ཐེ་ནམ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་བྱ་གཞག་རྒྱུན་འཛིན་བྱེད་མཁན་ཞིག་དེ་བས་ཀྱང་རེད། ངས་ཚང་མར་རེ་བ་གསུམ་འདོན་རྒྱུ་ཡིན་ཏེ། གཅིག་ནི་ཁྱེད་ཚོས་ཕན་ཚུན་ལྟ་སྐྱོང་བྱས་ནས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི“བློ་མཐུན་དང་སྤུན་ཟླའི”བརྩེ་བ་ཟབ་མོ་ལས་ལང་ཚོའི་གཟི་བྱིན་རབ་ཏུ་འཕྲོ་བར་བྱེད་པ་དང་། གཉིས་ནི་ཁྱེད་ཚོས་འགན་འཁྲི་ཕྲག་ཏུ་འཁུར་ནས་ལང་ཚོའི་གསོན་ཤུགས་དང་གསར་གཏོད་ནུས་པར་བརྟེན་ནས་གསར་གཏོད་དང་། སྒོ་དབྱེ། མཉམ་ལས། གཉིས་ཕན་བཅས་ཀྱི་དཔྱིད་དཔལ་རབ་ཏུ་བཞད་པར་བྱེད་པ། གསུམ་ནི་ཁྱེད་ཚོས་ཡིད་ལ་གནམ་འོག་བཅངས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་གདོང་ལེན་རུ་ཁག་ཅིག་བྱ་རྒྱུའི་བརྩོན་ལེན་བྱས་ཏེ། མིའི་རིགས་ཀྱི་ཡར་ཐོན་བྱ་གཞག་ལ་ལང་ཚོའི་སྟོབས་ཤུགས་སྐྱེས་སུ་འབུལ་བ་བཅས་ཡིན།
སུའུ་ལིན་གྱིས་གསུངས་དོན། “གསར་བརྗེའི་ཞིབ་སྦྱོང་འགྲུལ་བཞུད”སྤེལ་འགོ་ཚུགས་ནས་ལོ་གཅིག་སོང་རིང་། ཝེ་ཐེ་ནམ་གྱི་གཞོན་ནུ་ཆིག་སྟོང་ལྷག་ཙམ་གྱིས་འགོ་ཁྲིད་པ་རྒན་རབས་ཀྱི་ཤུལ་ལམ་བརྒྱུད་ཀྲུང་གོའི་གསར་བརྗེའི་གནའ་ཤུལ་དུ་བསྐྱོད་ནས་རྒྱལ་ཁབ་གཉིས་པོའི་གསར་བརྗེའི་སྲོལ་རྒྱུན་དང་མཛའ་གྲོགས་ཟབ་མོ་ཤེས་རྟོགས་ཐུབ་ཡོད། གཞོན་ནུ་ནི་ཝེ་ཐེ་ནམ་དང་ཀྲུང་གོ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་ཟམ་གལ་ཆེན་ཞིག་ཡིན་པས་རྒྱལ་ཁབ་གཉིས་པོའི་གཞོན་ནུས་ཕུགས་བསམ་དང་དད་སེམས་སྔར་བས་བརྟན་དུ་གཏོང་བ་དང་། ཆབ་སྲིད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། ཚན་རིག་ཤེས་བྱ་ཁོང་དུ་ཆུད་པ། ཝེ་ཐེ་ནམ་དང་ཀྲུང་གོའི་འབྲེལ་བའི་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་རང་སོ་སོའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཟབ་ཏུ་གཏོང་ཆེད་ནུས་པ་གལ་ཆེན་འདོན་དགོས།
“གསར་བརྗེའི་ཞིབ་སྦྱོང་འགྲུལ་བཞུད”བྱེད་སྒོར་ཞུགས་མཁན་ཝེ་ཐེ་ནམ་ཕྱོགས་ཀྱི་གཞོན་ནུའི་འཐུས་མི་200ལྷག་ཙམ་དང་ཀྲུང་གོ་ཕྱོགས་ཀྱི་གཞོན་ནུའི་འཐུས་མི་100ལྷག་ཙམ་ད་ཐེངས་ཀྱི་བྱེད་སྒོར་ཞུགས་ཤིང་། རྒྱལ་ཁབ་གཉིས་པོའི་གཞོན་ནུས་ཕྱོགས་གཉིས་པོའི་འགོ་ཁྲིད་ཀྱིས་གསུང་བཤད་གལ་ཆེན་གནང་བར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད།
“གསར་བརྗེའི་ཞིབ་སྦྱོང་འགྲུལ་བཞུད”བྱེད་སྒོ་དེ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2025ལོའི་ཟླ་4པར་ཝེ་ཐེ་ནམ་དུ་འཚམས་འདྲི་གནང་རིང་སུའུ་ལིན་དང་ལྷན་དུ་ཁྱབ་བསྒྲགས་གནང་བ་དང་དེའི་དམིགས་ཡུལ་ནི་རྒྱལ་ཁབ་གཉིས་པོའི་གཞོན་ནུས་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པ་རྒན་རབས་ཀྱི་གསར་བརྗེའི་ཞབས་རྗེས་བརྒྱུད། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མཛའ་གྲོགས་ཀྱི་གསར་བརྗེའི་ས་བོན་འཚོལ་ཞིབ་བྱས་ནས་རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་དང་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་ཆེད་ལང་ཚོའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་རྒྱུར་སྐུལ་མ་གཏོང་ཆེད་རེད།
འབྲེལ་ཡོད་གསར་འགྱུར།