དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་དང་གྲོས་མོལ་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2026-04-17

    འདི་ནི་གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་སུའུ་ལིན་དང་སྐུ་ཟླ་ཝུའུ་ཧྥང་ལི་དང་ལྷན་བཞུགས་སྐུ་པར་བསྐྱོན་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་15ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་དང་གྲོས་མོལ་གནང་བ་རེད།

    ཞི་ཅིན་ཕིང་གིས་སུའུ་ལིན་ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བར་སླར་ཡང་རྟེན་འབྲེལ་ཞུས་ཤིང་། ཞི་ཅིན་ཕིང་གིས། སྐུ་ཉིད་ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་རྗེས་འཕྲལ་མར་ཀྲུང་གོར་འཚམས་འདྲིར་ཕེབས་པ་དེ་ཐོག་ནས་སྐུ་ཉིད་ཀྱིས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་གནང་ལུགས་མཚོན་གྱི་ཡོད། བློ་མཐུན་སུའུ་ལིན་གྱིས་གཙོས་པའི་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཝེ་ཐེ་ནམ་གྱིས་བློ་བརྟན་འགྱུར་མེད་ངང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུར་ཡག་པོ་བསྐྱོད་དེ། ཏང་འཛུགས་སྐྱོང་དང་རྒྱལ་ཁབ་འཛུགས་སྐྱོང་གི“ལོ་བརྒྱ་གཉིས་པའི”འབད་འཐབ་དམིགས་ཚད་ཕྱོགས་སུ་འབད་འབུངས་ཡར་བརྩོན་བྱེད་ངེས་ཡིན་པའི་ཡིད་ཆེས་ཡོད། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཝེ་ཐེ་ནམ་དེ་མཐའ་འཁོར་ཕྱི་འབྲེལ་གྱི་སྔོན་འཇོག་ཁ་ཕྱོགས་སུ་བརྩིས་ནས་ཝེ་ཐེ་ནམ་ཕྱོགས་དང་མཉམ་དུ་ཐོག་མའི་བསམ་འདུན་མཐའ་འཁྱོངས་དང་། མཛའ་གྲོཌ་རྒྱུན་འཁྱོངས། མཐུན་སྒྲིལ་རོཌ་ལས། ཕན་ཚུན་རྒྱབ་སྐྱོར་བཅས་བྱས་ཏེ་མུ་མཐུད“དེ་བས་དྲུག”གི་སྤྱིའི་དམིགས་ཚད་གཞིར་བཟུང་། ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་གཏོང་བ་དང་། ཆུ་ཚད་དེ་བས་མཐོ་བའི་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་མགྱོགས་མྱུར་བསྐྲུན་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད་ཅེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་གི་འགོ་ཁྲིད་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོའི་ཁྱད་ཆོས་དང་ལེགས་ཆ་ཆེ་ཤོས་དེ་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་གུང་ཁྲན་ཏང་གི་སྲིད་སྐྱོང་གནས་བབ་སྲུང་སྐྱོང་བྱེད་པ་ནི་ཀྲུང་གོ་དང་ཝེ་ཐེ་ནམ་ཏང་གཉིས་ཀྱི་ཐུན་མོང་གི་འཐབ་ཇུས་ཁེ་ཕན་ཆེ་ཤོས་དེ་རེད། ཕྱོགས་གཉིས་པོས་ཚད་མཐོའི་འཐབ་ཇུས་ཀྱི་རིག་པ་དྭངས་གསལ་དང་འཐབ་ཇུས་ཀྱི་ངེས་ཤུགས་ཆེན་པོ་རྒྱུན་འཁྱོངས་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་འགྲོ་ལམ་གྱི་གདེང་ཚོད་དང་ལམ་ལུགས་ཀྱི་གདེང་ཚོད་བརྟན་དུ་བཏང་ནས་སྒྱུར་བཅོས་བྱས་ཀྱང་ཁ་ཕྱོགས་མི་འགྱུར་བ་དང་འགྱུར་ལྡོག་བྱུང་ཡང་ངོ་བོ་མི་འགྱུར་བ་མཐའ་འཁྱོངས་བྱེད་དགོས།

    ཕྱོགས་གཉིས་པོས་ཏང་དབར་གྱི་འབྲེལ་བའི་ཐབས་ལམ་གྱི་དམིགས་བསལ་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། མཐོ་རིམ་འགྲོ་འོང་ཟབ་ཏུ་གཏོང་བ་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་བརྟན་དུ་གཏོང་དགོས། མཐོ་རིམ་ཞལ་འཛོམས་དང་། རིགས་པའི་གཞུང་ལུགས་བགྲོ་གླེང་། ལས་བྱེད་པ་གསོ་སྦྱོང་། ཁ་གཏད་སྤེལ་རེས། ས་གནས་མཉམ་ལས་སོགས་ཀྱི་ལམ་སྲོལ་བེད་སྤྱོད་ཡག་པོ་བྱེད་པ་དང་། རེས་སྐོར་གསར་པའི་ཀྲུང་གོ་གུང་ཁྲན་ཏང་དང་ཝེ་ཐེ་ནམ་གུང་ཁྲན་ཏང་གི་མཉམ་ལས་འཆར་གཞི་ལག་བསྟར་ཡག་པོ་བྱས་ཏེ། ཏང་སྐྱོང་དང་རྒྱལ་སྐྱོང་གི་རིགས་པའི་གཞུང་ལུགས་དང་ཉམས་མྱོང་སྤེལ་རེས་དང་དཔྱད་གཞིར་གཏིང་ཟབ་འཛིན་དགོས། ཆབ་སྲིད་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་དེ་གནས་བབ་ཨང་དང་པོར་བཞག་ནས་ཕྱི་འབྲེལ་དང་། རྒྱལ་སྲུང་། སྤྱི་བདེ་བཅས“3+3”གྱི་འཐབ་ཇུས་གླེང་མོལ་གྱི་ལམ་སྲོལ་བེད་སྤྱོད་ཡག་པོ་བྱས་ཏེ། རྒྱལ་ཁབ་གཉིས་པོའི་གཞོན་ནུ་མི་རབས་ལ་ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་གཏོང་བར་མུ་མཐུད་ཤུགས་སྣོན་རྒྱག་དགོས།

    ཕྱོགས་གཉིས་པོས་སེམས་ཤུགས་གཅིག་སྒྲིལ་གྱིས་ལག་གདང་སྦྲེལ་ནས་དེང་རབས་ཅན་གྱི་ལམ་བུར་མཉམ་དུ་སྐྱོད་དགོས། འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་བྱེད་མགྱོགས་སུ་བཏང་ནས་རྨང་གཞིའི་སྒྲིག་བཀོད་ཕན་ཚུན་སྦྲེལ་མཐུད་ཡོང་བར་སྔོན་ལ་སྐུལ་འདེད་གཏོང་དགོས། མི་ཐབས་རིག་ནུས་དང་། གློག་འདྲེན་ཕྱེད་གཟུགས། ཟོག་སྦྲེལ་དྲ་རྒྱ་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། ཀྲུང་གོ་ཕྱོགས་ཀྱིས་ཝེ་ཐེ་ནམ་གྱི་སྤུས་ལེགས་ཐོན་རྫས་དེ་བས་མང་བ་ཀྲུང་གོའི་ཁྲོམ་རར་འདོན་པར་དགའ་བསུ་ཞུ་ཡི་ཡིན། ཕྱོགས་གཉིས་པོས་ཡུལ་སྐོར་དང་། རིག་གནས། སྨྱན་སྦྱོར། སློབ་གསོ། འཕྲོད་བསྟེན། ལུས་རྩལ་སོགས་མཛའ་གྲོགས་སྤེལ་རེས་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཕན་ཚུན་རྒྱུས་མངའ་དང་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས། ངས་སྐུ་ཉིད་དང་ལྷན་དུ་2026ལོ་ནས་2027ལོ་བར་གྱི“ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ཡུལ་སྐོར་མཉམ་ལས་ལོ”སྤེལ་འགོ་ཚུགས་པའི་ཁྱབ་བསྒྲགས་བྱེད་འདོད་ཡོད།

    ཕྱོགས་གཉིས་པོས་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཕན་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ལ་ཐུན་མོང་ཐོག་ངོ་རྒོལ་བྱས་ཏེ། གོ་ལ་ཧྲིལ་པོའི་རང་མོས་ཚོང་དོན་སྒྲིག་སྲོལ་དང་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོའི་ངང་ཤར་གཏོང་ཐུབ་པར་སྲུང་སྐྱོང་བྱེད་དགོས། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་བཅས་ལག་གདང་སྦྲེལ་ནས་ལག་ལེན་བསྟར་ཏེ། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་གཅོག་དགོས། འདི་ལོ་ནི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་5འཁོར་བའི་ལོ་ཞིག་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ས་ཁུལ་དང་རྒྱལ་ཁབ་དང་མཐུན་སྦྱོར་དང་གཞོགས་འདེགས་བྱེད་པར་ཤུགས་སྣོན་བརྒྱབ་ནས། དེ་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད།

    སུའུ་ལིན་གྱིས་གསུངས་དོན། ད་ཐེངས་ང་རང་ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་རྗེས་འཚམས་འདྲིར་ཡོང་ཐེངས་དང་པོ་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ན་ནིང་ཝེ་ཐེ་ནམ་དུ་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲིར་ཕེབས་ནས་ལོ་གཅིག་འཁོར་བའི་དུས་དང་ཏག་ཏག་འཁེལ་ཡོད་པ་དེ་ཐོག་ནས། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་ཡིས་གསུངས་པའི“ཁྱིམ་མཚེས་ཕན་ཚུན་དབར་འགྲོ་འོང་ཇི་ཙམ་བྱས་ན་བརྩེ་བ་དེ་ཙམ་གྱིས་ཟབ་ཏུ་འགྲོ་ངེས་ཡིན”ཞེས་པའི་བཀའ་མོལ་དེ་ཡང་གང་ལེགས་མངོན་ཡོད།

    ཝེ་ཐེ་ནམ་ཕྱོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དང་། སྲིད་གཞུང་། མི་དམངས་བཅས་ཀྱིས་ཝེ་ཐེ་ནམ་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་བཞི་པར་ཆབ་སྲིད་ཀྱི་རྒྱབ་སྐྱོར་གལ་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཐོག་མཐའ་བར་གསུམ་དུ་ཀྲུང་གོ་ཕྱོགས་དང་སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱུན་མཐུད་བྱས་ནས། རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་དང་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་དབང་གཅིག་མཐུན་ཚོགས་པ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། ཝེ་ཐེ་ནམ་ཕྱོགས་ཀྱིས་ཀྲུང་གོས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་རྒྱལ་ཁའི་ངང་ལེགས་སྒྲུབ་བྱས་པ་དང་འབྲེལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་རྟེན་འབྲེལ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་བདེ་བླག་ངང་ལག་ལེན་བསྟར་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་ཡོང་བ་དང་འབྲེལ་འཛམ་གླིང་ཞི་བདེ་འཕེལ་རྒྱས་ཀྱི་ཀ་རྟེན་སྟོབས་ཤུགས་དང་སྒུལ་ཤུགས་གཙོ་བོར་འགྱུར་བའི་ཡིད་ཆེས་ཡོད།

    མིག་སྔར། ཝེ་ཐེ་ནམ་དང་ཀྲུང་གོའི་འབྲེལ་བ་དགེ་མཚན་ལྡན་པའི་འཕེལ་ཕྱོགས་རྒྱུན་འཁྱོངས་ཐུབ་པ་དང་། འཐབ་ཇུས་འབྲེལ་གཏུག་ཟབ་མོ་ཡོད་པ། རྒྱལ་སྲུང་བདེ་འཇགས་ཁྱབ་ཁོངས་ཐད་གླེང་མོལ་བྱེད་པ་ནས་དངོས་སྒྲུབ་མཉམ་ལས་ཀྱི་དུས་མཚམས་སུ་སླེབས་པ། དཔལ་འབྱོར་ཚོང་དོན་མ་འཇོག་དང་རྨང་གཞིའི་སྒྲིག་བཀོད་མཉམ་ལས་གཏིང་ཟབ་སྤེལ་བ། དམངས་ཁྲོད་སྤེལ་རེས་ཡང་སེ་བྱེད་པ། ཕྱོགས་མང་འབྲེལ་གཏུག་དེ་བས་དམ་ཟབ་བཅས་ཡོད། ཝེ་ཐེ་ནམ་ཕྱོགས་ཀྱིས་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་དང་ཀྲུང་གོའི་འབྲེལ་བར་བཅངས་པའི་དམིགས་བསལ་གྱི་བརྩེ་དུང་དང་ཐོག་མཐའ་བར་གསུམ་གྱི་རྒྱབ་སྐྱོར་གནང་བར་གཅེས་འཛིན་བྱེད་ཀྱི་ཡོད་ལ། ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ་ཝེ་ཐེ་ནམ་གྱི་དངོས་ཡོད་ཀྱི་དགོས་མཁོ་དང་། འཐབ་ཇུས་ཀྱི་གདམ་ག ཨང་དང་པོར་འཇོག་ས་བཅས་སུ་མཐའ་གཅིག་ཏུ་བརྩིས་ཏེ། ཀྲུང་གོ་གཅིག་གི་སྲིད་ཇུས་ལ་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་དང་། ཀྲུང་གོ་ཕྱོགས་དང་འཐབ་ཇུས་འབྲེལ་གཏུག་དང་ཆུ་ཚད་མཐོ་བའི་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་དཔལ་འབྱོར་ཚོང་དོན་དང་། མ་འཇོག ལྕགས་ལམ་སོགས་རྨང་གཞིའི་སྒྲིག་བཀོད་དང་ཡུལ་སྐོར་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། སློབ་གསོ་དང་། གསོ་སྦྱོང་། ཚན་རྩལ། མི་ཆོས་རིག་གནས། ས་གནས་བཅས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། སྐམ་སའི་མཐའ་མཚམས་ལ་དོ་དམ་དེ་བས་ལེགས་པ་དང་མཚོ་ཐོག་བདེ་འཇགས་ལ་སྲུང་སྐྱོང་དེ་བས་ཡག་པ་བྱེད་འདོད་ཡོད། ཝེ་ཐེ་ནམ་ཕྱོགས་ཀྱིས་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་བཅས་ལ་རྒྱབ་སྐྱོར་བྱེད་པ་དང་ཀྲུང་གོ་ཕྱོགས་དང་མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད།

    གྲོས་མོལ་མཇུག་འགྲིལ་རྗེས། ཕྱོགས་གཉིས་པོས་ཏང་དབར་དང་། སྤྱི་བདེ། ཁྲིམས་འཛིན། དཔལ་འབྱོར། ཐོན་ལས་དང་མཁོ་སྤྲོད་འཁོར་འབྲེལ་མཉམ་ལས། འགག་སྒོའི་མཉམ་ལས། ཚན་རྩལ། དམངས་འཚོ། མི་ཤུགས་ཐོན་ཁུངས་གསར་སྤེལ། སྨྱན་སྦྱོར་དང་ས་གནས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་པོར་མཚན་རྟགས་བཀོད་པར་དཔང་པོ་གནང་བ་རེད།

    གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོའི་ཕྱི་རོལ་གྱི་ཐང་ཆེན་དུ་སུའུ་ལིན་དང་སྐུ་ཟླ་ཝུའུ་ཧྥང་ལིར་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ་རེད། སུའུ་ལིན་འབྱོར་སྐབས་གུས་དམག་གིས་གྲལ་འགྲིག་པོས་གུས་འདུད་ཞུས་ཤིང་། ཞི་ཅིན་ཕིང་དང་སུའུ་ལིན་ལྷན་དུ་གཟིགས་ཞིབ་སྟེགས་བུར་ཕེབས་པ་དང་། དམག་མིའི་རོལ་ཆ་ཚོགས་པས་ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་བ། གནམ་བདེ་སྒོ་མོའི་ཐང་ཆེན་དུ་རྟེན་འབྲེལ་མེ་སྒྱོགས་ཐེངས་21བརྒྱབ་པ་རེད། ཞི་ཅིན་ཕིང་གི་ཕེབས་རོགས་འོག་སུའུ་ལིན་གྱིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་མ་ཟད། དམག་རིགས་རྣམ་འབྱེད་ཀྱི་རུ་སྟར་ལའང་གཟིགས་པ་རེད། ལོ་ཆུང་བྱིས་པས་ལག་ཏུ་མེ་ཏོག་ཆུན་པོ་དང་ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་ཀྱི་ཏང་དར་དང་རྒྱལ་དར་བཟུང་ནས་དགའ་འབོད་ཀྱིས་གུས་འདུད་ཞུས་པ་རེད།

    ཉིན་དེའི་ཉིན་དགུང་དུ། ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་སུའུ་ལིན་སྟངས་དཔྱལ་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་པ་རེད།

    ཉིན་དེའི་ཕྱི་དྲོར། སུའུ་ལིན་གྱིས་ད་དུང་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམས་སྟོན་ཁང་ལ་གཟིགས་སྐོར་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།