མི་དམངས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ནས་འཕེལ་རྒྱས་ཀྱི་ལེའུ་གསར་རྩོམ་དགོས།
ད་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཚུགས་ལོ་རེད། དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་ཐེངས་བཅུ་གཅིག་པ་འཆར་ཉེར་ཡོད་པའི་མཚམས་སུ། ས་གནས་ཁག་དང་སྡེ་ཚན་ཁག་གིས་བརྗོད་དོན་གཙོ་བོའི་བྱེད་སྒོ་སྣ་ཚོགས་སྤེལ་ཞིང་། དེའི་དམིགས་ཡུལ་ནི་མི་དམངས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ནས་འཕེལ་རྒྱས་ཀྱི་ལེའུ་གསར་རྩོམ་ཕྱིར་རེད།
སྤྱིར་བཏང་གཏན་ནས་མིན་པའི“ལོ་ལྔ་ཚན་བཅུ་བཞི་པ”བརྒྱུད་རྗེས་རྒྱལ་ཁབ་ཀྱི་བདེ་འཇགས་འགན་ལེན་བྱེད་པ་ནི“དོན་ཆེན་ཨང་དང་པོ”ཡིན་པ་ང་ཚོས་དེ་བས་ཤེས་རྟོགས་གཏིང་ཟབ་བྱུང་། ཟ་འབྲུ་དང་ནུས་རྒྱུའི“ལྟོ་ཕོར་གཉིས”ལག་ཏུ་དམ་པོར་བཟུང་བ་ནས་དྲ་རྒྱའི་བདེ་འཇགས་དང་སྐྱེ་དངོས་བདེ་འཇགས་སོགས་ཀྱི་ཆུ་རགས་བརྟན་པོ་བསྐྲུན་པའི་བར་དང་། དེ་ནས་དུས་བདེའི་ཀྲུང་གོའི་བཀྲག་མདངས་འཚེར་བའི་མིང་བྱང་གསལ་པོར་བཏོད་ནས་བློ་བརྟན་འགྱུར་མེད་ངང་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་བྱེད་པའི་བར་ནི་རང་རྒྱལ་གྱིས་ལང་ལོང་དུ་འཕྱུར་བའི་རྦ་རླབས་ཁྲོད་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་བྱེད་པའི་འགག་རྩ་རེད།
དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཇི་ཙམ་ཕྱིན་ན་དེ་ཙམ་གྱིས་འཕེལ་རྒྱས་གཏོང་རིང་བདེ་འཇགས་སྲུང་བ་དང་བདེ་འཇགས་ཁྲོད་འཕེལ་རྒྱས་དོན་གཉེར་བྱེད་དགོས། དམའ་དབྱིངས་དཔལ་འབྱོར་ལྟ་བུར་མཚོན་ན། ཁྲོམ་རའི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་1.5ཟིན་མོད། འོན་ཀྱང་ཉེན་ཁའི་མངོན་མེད་རྐྱེན་ངན་ལ་སྣང་ཆུང་བྱེད་མི་རུང་། “སྔོན་ལ་དངོས་ཟོག་བླུག་པ་དང་དེ་རྗེས་མི་བླུག་པ་དང་། སྔོན་ལ་ལོགས་སུ་འཇོག་པ་དང་དེ་རྗེས་མཉམ་འདྲེས་བྱེད་པ། སྔོན་ལ་གྲོང་འདབས་དང་དེ་རྗེས་གྲོང་ཁུལ”བཅས་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་བསྲུངས་ན་དམའ་དབྱིངས་དཔལ་འབྱོར་གཞི་ནས་འཕེལ་རྒྱས་བརྟན་པོ་ཡོང་ཐུབ།
རྒྱལ་ཁབ་ཀྱི་བདེ་འཇགས་བསྲུང་རྒྱུ་ནི་ང་ཚོ་ཚང་མའི་འགན་འཁྲི་ཡིན་ལ་ཚང་མར་དེ་ལས་ཕན་པ་ཐོབ་ཐུབ། དེས་ན་ཚང་མས་རྒྱལ་ཁབ་བདེ་འཇགས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་རང་རྟོགས་ངང་སྲུང་མཁན་དང་བློ་བརྟན་འགྱུར་མེད་ངང་སྲུང་མཁན་ཞིག་བྱས་ཚེ། ད་གཟོད་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བ་དང་སྐྱོང་བའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་ཐུབ་ངེས་རེད།
འབྲེལ་ཡོད་གསར་འགྱུར།