དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཁམ་ཕུ་ཁྲེས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་མུ་མཐུད་རྡུང་རྡེག་གཏོང་བའི་བྱ་སྤྱོད་ཧུར་ཐག་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-04-16

    ཉེ་ཆར། ཁམ་ཕུ་ཁྲེས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་དམིགས་པའི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་མུ་མཐུད་ཧུར་ཐག་སྤེལ་ཞིང་། ཁམ་ཕུ་ཁྲེའི་གཞུང་ཕྱོགས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར། 2025ལོའི་ཟླ་6པ་ནས་2026ལོའི་ལོ་འགོ་བར། ཁམ་ཕུ་ཁྲེའི་ཁྲིམས་སྒྱུར་སྡེ་ཚན་གྱིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་ཁྱོན་200ལྷག་ཙམ་ཞིབ་བཤེར་ཐག་གཅོད་བྱས་པ་དང་གྱོད་འབྲེལ་ས་ཆ་2500ཙམ་གཙང་བཤེར་བྱས་པ་རེད། རིམ་རྩིས་བརྒྱབ་ན། གློག་ཀླད་ཁྲི་1ལྷག་ཙམ་དང་ལག་ཐོགས་ཁ་པར་ཁྲི་3.6ལྷག་ཙམ་གཞུང་བཞེས་བཏང་བ་དང་འབྲེལ་ཁྲིམས་འགལ་སྤེལ་ཡུལ་200ལྷག་ཙམ་ལ་ཁྲིམས་ལྟར་སྒོ་ཐེལ་བརྒྱབ་པ་རེད། གྱོད་གཞི་དང་འབྲེལ་བ་ཡོད་པའི་ཕྱི་རྒྱལ་གྱི་མི་8000ལྷག་ཙམ་ཕྱིར་འབུད་བཏང་བ་དང་། གཞན་ཡང་ཕྱི་རྒྱལ་བ་ཁྲི་21ལྷག་ཙམ་གནོན་ཤུགས་ལ་མ་བཟོད་པར་རང་དགར་རྒྱལ་མཚམས་ནས་ཁ་བྲལ་བ་རེད། ཉིན་ཤས་གོང་། ཁམ་ཕུ་ཁྲེའི་གྲོས་ཁང་གོང་མའི་ཀྲུའུ་ཞི་ཧུང་སེན་གྱིས་གསལ་བསྒྲགས་སྤེལ་ནས། ཁམ་ཕུ་ཁྲེ་ནི་ཉེས་ཅན་པ་གབ་གཡོལ་བྱེད་ས་གཏན་ནས་མིན་ཞེས་ནན་བཤད་བྱས་པ་རེད།

    ཉེ་ཆར། གསར་འགོད་པ་ཁམ་ཕུ་ཁྲེའི་རྒྱལ་ས་ཕ་ནོམ་ཕེན་དང་ཤིས་ཧ་ནུ་ཁེ་ཞིང་ཆེན་སོགས་སུ་སྐྱོད་སྐབས། ཐེར་འདོན་གོང་ཞུ་བྱས་པའི་ལྐོག་ལྐོག་སུད་སུད་ཀྱི་མི་སྣ་འདུ་འཛོམས་བྱེད་སའི་ལས་ཤག་མང་པོ་ཞིག་བཀག་སྡོམ་ཚོད་འཛིན་བྱས་ནས་བཅོས་སྒྲིག་བྱས་པ་དང་། ཐོག་བརྩེགས་ཁང་ཆེན་ཁག་གཅིག་གི་ཕྱི་རོལ་ལ་ལས་མཚམས་འཇོག་དགོས་པའི་རྩ་ཚིག་སྦྱར་ཡོད་པ་མཐོང་བྱུང་། ཕ་ནོམ་ཕེན་གྱི་ཏེ་ཁྲུང་རྒྱལ་སྤྱིའི་གནམ་ཐང་དུ། ཁྲིམས་སྒྱུར་མི་སྣས་གྱོད་འབྲེལ་ལྟ་སྐྱེལ་མི་སྣར་རྒྱལ་མཚམས་སྒྲོལ་བའི་འགྲོ་ལུགས་གཉེར་བཞིན་ཡོད་པ་རེད།

    ན་ནིང་ཟླ་2པར། ཁམ་ཕུ་ཁྲེས་དྲ་རྒྱའི་ཁ་བསླུས་ལ་རྡུང་རྡེག་གཏོང་བའི་ཨུ་ཡོན་ལྷན་ཁང་བཙུགས་པ་དང་དབུ་བཞུགས་བློན་ཆེན་ཧུང་མ་ནའེ་ཡིས་བཀོད་འདོམས་པའི་འགན་ཁུར་བ་དང་འབྲེལ། ལོ་དེའི་ཟླ་7པར་རྒྱལ་ཡོངས་ཀྱི་གཙང་བཅོམ་བཀའ་རྒྱར་མིང་རྟགས་བཀོད་ནས་བཀྲམ་སྟེ། གློག་འཕྲིན་ཁ་བསླུས་ལ་རྡུང་རྡེག་གཏོང་བ་དེ་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་བརྩིས་ནས། ཁྲིམས་སྒྱུར་སྟོབས་ཤུགས་ཡོད་ཚད་སྐུལ་སློང་བྱས་ཏེ། དྲ་རྒྱའི་ཉེས་གསོག་གཙང་སེལ་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་ནུས་པ་ཆེ་རུ་བཏང་ནས། རྒྱལ་སྤྱིའི་ཐོག་གི་ཁམ་ཕུ་ཁྲེའི་གཟུགས་བརྙན་སླར་གསོ་ཡོང་བར་བྱ་རྒྱུ་ཡིན་པ་རེད།

    དྲ་རྒྱའི་ཁ་བསླུས་ལ་རྡུང་རྡེག་གཏོང་བའི་ཨུ་ཡོན་ལྷན་ཁང་གི་སྤྱི་འདོམས་འོག ཁམ་ཕུ་ཁྲེའི་སྡེ་ཚན་མང་པོ་དང་ས་ཁུལ་མང་པོས་མཉམ་དུ་ནུས་ཤུགས་བཏོན་ཞིང་། ཕ་ནོམ་ཕེན་གྱིས་སྔོན་ལ་གཞི་ཁྱོན་ཆེན་པོས་བཅོས་སྒྲིག་བྱས་པ་རེད། ཟླ་ཤས་རིང་ཁྲིམས་སྒྱུར་སྟོབས་ཤུགས་ཀྱིས་ལས་ཤག་དང་། སྡོད་ཁང་། མི་སྣ་འདུ་འཛོམས་ཆེ་ཁུལ་སོགས་མི་མངོན་པའི་ནག་ཚང་ལ་འཕྲལ་སྒྲུབ་ཞིབ་བཤེར་བྱས་ནས། གློག་འཕྲིན་ཁ་བསླུས་ཀྱི་ནག་ཚང་གཏོར་བ་དང་དེ་བཞིན་ཁྲིམས་འགལ་རྒྱན་འཛུགས་བྱེད་སྤྱོད་སྣ་ཚོགས་ལ་བཀག་སྡོམ་ནན་པོ་བྱས་པ་རེད། མིག་སྔའི་བར། གྲོང་ཁྱེར་ཡོངས་སུ་ཁ་བསླུས་རྒྱག་ས་ཁག་40རྩད་ཆོད་པ་དང་ཕྱི་རྒྱལ་གྱི་གྱོད་འབྲེལ་མི་སྣ་284བཟུང་ཡོད་པ་རེད། སྔོན་དཔག་བྱས་ན། གློག་འཕྲིན་ཁ་བསླུས“གཙང་སེལ”བྱེད་པའི་ཕ་ནོམ་ཕེན་གྱི་བྱ་སྤྱོད་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་པ་རེད།

    གནས་ཚུལ་སྤེལ་བར་གཞིགས་ན། ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་དམིགས་སའི་རང་བཞིན་ལྡན་པའི་རྡུང་རྡེག་ཇུས་གཞི་བཟོས་ཤིང་། ཤིས་ཧ་ནུ་ཁེ་ཞིང་ཆེན་གྱིས་མགྱོགས་མྱུར་འདྲི་གཅོད་བྱེད་པ་དང་མགྱོགས་མྱུར་ཁྲིམས་ཐག་བཅད་པ་བརྒྱུད་ཁྲིམས་འཛིན་གྱི་ཟིལ་གནོན་ཆེ་རུ་གཏོང་བ་དང་། པང་ཧྲི་པེ་ཞིང་ཆེན་གྱིས་ལྟག་རྒྱབ་ཀྱི“འགེབས་སྲུང་བར”ཞིབ་བཤེར་ནན་པོ་བྱས་ནས་འགེབས་སྲུང་གི་བྱེད་སྤྱོད་ལ་ཆད་གཅོད་ནན་པོ་བྱེད་པ། ཤན་ལི་ཞིང་ཆེན་གྱིས་མང་ཚོགས་སྐུལ་སློང་རྒྱ་ཁྱབ་བྱས་ཏེ་ཐེར་འདོན་བྱ་དགའི་ལམ་སྲོལ་བཙུགས་ནས། “དམངས་ཡོངས་ཀྱིས་ཁ་བསླུས་ལ་ངོ་རྒོལ་བྱེད་པའི”འགོག་སྲུང་འཛིང་རགས་བསྐྲུན་པ། པན་ཏེ་མེན་ཅི་ཞིང་ཆེན་སོགས་མཐའ་མཚམས་ཞིང་ཆེན་གྱིས་འབྱུང་རྩ་ནས་དོ་དམ་དང་ཚོད་འཛིན་བྱེད་ཟབ་ཏུ་བཏང་སྟེ། རྒྱལ་ཁོངས་ནང་ཡོང་མཁན་ཕྱི་རྒྱལ་མི་སྣར་ཆུ་ཚོད་24ཡི་འགུལ་རྣམ་ཞིབ་བཤེར་བྱས་ནས། རྒྱལ་མཚམས་བསྒྲལ་ནས་འགྲོ་འོང་བྱེད་མཁན་གྱི་ཉེས་ཅན་པ་གཏན་འགོག་བྱས་པ་རེད།

    ཁམ་ཕུ་ཁྲེས་རྒྱལ་ཁབ་རིམ་པའི་དྲ་རྒྱའི་ཁ་བསླུས་ལ་རྡུང་རྡེག་གཏོང་བའི་ལམ་སྲོལ་རིམ་བཞིན་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། ཕུགས་ཕན་བཅོས་སྐྱོང་མ་ལག་འཛུགས་བཞིན་ཡོད་པ་རེད། རྒྱལ་ཁབ་དེའི་ཁྲིམས་འཛིན་པུའི་སྙན་ཞུ་ལས་མངོན་པར། 2025ལོའི་ཟླ་7པ་ནས་བཟུང་། ཁམ་ཕུ་ཁྲེའི་ཁྲིམས་ཁང་གིས་དྲ་རྒྱའི་ཉེས་གསོག་གྱོད་གཞི་ཁག་500ལྷག་ཙམ་ལ་ཞུ་གཏུག་བརྒྱབ་པ་དང་འབྲེལ། རྒྱལ་སྤྱིའི་ཁྲིམས་འཛིན་མཉམ་ལས་བརྒྱུད་རྒྱལ་མཚམས་སྒྲོལ་བའི་ཉེས་གསོག་མ་དངུལ་གྱི་འཁོར་འབྲེལ་རྩད་གཅོད་བྱས་པ་རེད། ལག་རྩལ་ཆེ་བའི་ཁ་བསླུས་ཉེས་གསོག་སྔོན་འགོག་དང་། གཏན་འགོག རྡུང་རྡེག་བཅས་ཀྱི་ནུས་པ་བརྒྱུད་རིམ་ལྡན་པའི་ངང་ཆེ་རུ་གཏོང་ཆེད། ཉིན་ཤས་གོང་། ཁམ་ཕུ་ཁྲེ་སྲིད་གཞུང་གིས《གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》ཀྱི་འཆར་ཟིན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ། མིག་སྔར་ཁྲིམས་འཛུགས་ཀྱི་བརྒྱུད་རིམ་ནང་འཇུག་བཞིན་ཡོད་པ་རེད། ཁྲིམས་འཛིན་པུའི་འབྲེལ་ཡོད་འགན་འཁུར་བས། ཁྲིམས་གཞི་དེ་དངོས་སུ་ཁྱབ་བསྒྲགས་བྱས་ཚེ། རྙོག་འཛིང་ཆེ་བའི་ཁ་བསླུས་བྱེད་སྤྱོད་ལ་རྡུང་རྡེག་གཏོང་བ་དང་གྲངས་འཛིན་ཁྱབ་ཁོངས་ཀྱི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་བཅའ་ཁྲིམས་ཀྱི་ལག་ཆ་གལ་ཆེན་ཞིག་ཏུ་འགྱུར་ངེས་རེད་ཅེས་བརྗོད།

    “གློག་འཕྲིན་ཁ་བསླུས་ཀྱི་ཤུགས་རྐྱེན་ངན་པ་ལས་ཁམ་ཕུ་ཁྲེའི་རྒྱལ་སྤྱིའི་གཟུགས་བརྙན་ལ་སྐབས་ཤིག་རིང་གནོད་འཚེ་ཕོག་སྲིད་པས། མངོན་མེད་མ་འཇོག་མཁན་དང་ཡུལ་སྐོར་བ་ཁག་གཅིག་རྒྱལ་ཁབ་དེའི་བདེ་འཇགས་ཁོར་ཡུག་ལ་བློ་མི་བདེ་བར་གྱུར་ཡོད། ལམ་ལུགས་ཅན་དང་རྒྱུན་རྣམ་ཅན་གྱི་དམ་བསྒྲགས་རྡུང་རྡེག་གིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཁྲོམ་རའི་སྒྲིག་ལམ་བཅོས་སྒྲིག་དང་ཁྲིམས་སྐྱོང་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ཆོད་སེམས་བརྟན་པོ་མཚོན་པར་བྱས་ནས། ཡུལ་སྐོར་ལས་རིགས་སླར་གསོ་དང་དཔལ་འབྱོར་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སེམས་ཤུགས་དང་སྒུལ་ཤུགས་སྣོན་གྱི་ཡིན”ཞེས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ཡུལ་སྐོར་མཐུན་ཚོགས་ཁམ་ཕུ་ཁྲེའི་ཡན་ལག་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཐུན་ཤིས་ནན་གྱིས་བརྗོད།

    ཁམ་ཕུ་ཁྲེས་ད་དུང་རྒྱལ་སྤྱིའི་ཁྲིམས་སྒྱུར་མཉམ་ལས་ནང་ཧུར་ཐག་ཞུགས་ཤིང་། ཉིན་ཤས་གོང་། ཁམ་ཕུ་ཁྲེ་སྲིད་གཞུང་གིས་གསལ་བསྒྲགས་སྤེལ་ནས། ཁམ་ཕུ་ཁྲེ་ཕྱོགས་ཀྱིས་ཀྲུང་གོ་དང་དེ་བཞིན་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་སོགས་རྒྱལ་སྤྱིའི་རོགས་ཟླ་དང་མཉམ་ལས་གཏིང་ཟབ་བྱེད་བཞིན་ཡོད། མཉམ་འབྲེལ་ཐོག་མྱུལ་ཞིབ་དང་། གསང་འཕྲིན་མཉམ་སྤྱོད། བཅའ་ཁྲིམས་རོགས་རེས་བཅས་བྱས་པ་བརྒྱུད། རྒྱལ་མཚམས་སྒྲོལ་བའི་ཁྲིམས་འཛིན་དྲ་བ་ཚགས་དམ་དུ་ཕྱིན་ནས། མིག་སྔར་ཁ་བསླུས་ཚབས་ཆེན་རྒྱག་མཁན་ཚོགས་པ་འགའ་ཞིག་རྩ་མེད་བཏང་བ་དང་། སྒྲིག་འཛུགས་ཡོད་པའི་ཉེས་ཅན་པར་ཆད་པ་ནན་པོ་བཅད་པ་མ་ཟད། མགོ་སྐོར་ཐེབས་པའི་ཕྱི་རྒྱལ་གྱི་མི་སྣ་ཕ་ཡུལ་དུ་བདེ་བླག་ངང་ཕྱིར་སྐྱེལ་ཡང་བྱས་ཡོད་ཅེས་འཁོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།