“ཀྲུང་གོའི་ཁྲོམ་རའི་གཞི་ཁྱོན་དང་གཏིང་ཤུགས་ཆེ་བས་ཡུན་རིང་མ་རྩ་འཇོག་རིན་ཆེན་པོ་འདུག”
—— དབྱིན་ཀྲུང་ཚོང་དོན་མཐུན་ཚོགས་ཀྱི་ཙུང་ཚའེ་པའེ་པི་ཏེ་ལ་བཅར་འདྲི་བྱས་པ།

པའེ་པི་ཏེ།
འདི་ག་ཚགས་པར་གྱི་གསར་འགོད་པ། ཞུས་ལི་ཆུན།
ཤིས་ཨན་གྱི་གནའ་བོའི་མཁར་རྫོང་གྱང་ནས་ཧྲེན་ཀྲེན་གྱི་གསར་གཏོད་ར་བའི་བར་དང་། ཧྲང་ཧའེ་ཡི་དངུལ་རྩའི་ལྟེ་གནས་ནས་ཀོང་ཀྲོའུ་ཡི་ཚོང་དོན་ལྟེ་གནས་བར་དུ། ཉེ་ཆར། དབྱིན་ཀྲུང་ཚོང་དོན་མཐུན་ཚོགས་ཀྱི་ཙུང་ཚའེ་པའེ་པི་ཏེ་ཡིས་དབྱིན་ཇིའི་ཁེ་ལས་ཁག་35ཡི་འཐུས་མིའི་སྣེ་ཁྲིད་དེ་ཀྲུང་གོར་རྟོག་ཞིབ་ལ་ཡོང་ཞིང་། གཟའ་འཁོར་གཉིས་རིང་། ཤིས་ཨན་དང་། པེ་ཅིང་། ཧྲང་ཧའེ། ཀོང་ཀྲོའུ། ཧྲེན་ཀྲེན། ཤང་ཀང་བཅས་གྲོང་ཁྱེར་6ལ་སྔ་རྗེས་སུ་འཚམས་འདྲི་བྱས་པ་རེད། “ད་ཐེངས་ནི་ཀྲུང་གོའི་གནས་ཚུལ་ལ་བསྐྱར་དུ་ཤེས་རྟོགས་བྱེད་པའི་འགྲུལ་བཞུད་གལ་ཆེན་ཞིག་ཡིན” ཐེངས་འདིར་ཀྲུང་གོར་བསྐྱོད་པའི་སྐོར་གླེང་སྐབས། པའེ་པི་ཏེ་ལ་དགའ་བ་དཔག་མེད་བྱུང་བ་སྟེ། རྒྱུན་དུ་ཀྲུང་དབྱིན་བར་སྐྱོད་བཞིན་པའི་ཁོང་ལ་ཆ་མཚོན་ན། ཀྲུང་གོའི་དཔལ་འབྱོར་ལ་ལོ་བཅུ་གྲངས་རིང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ་དངོས་སུ་མཐོང་མོད། འོན་ཀྱང་། ད་ཐེངས་ཁོང་གིས་རྣམ་ཀུན་དང་མི་འདྲ་བའི་ཀྲུང་གོའི་རྣམ་པ་ཞིག་མཐོང་བ་རེད།
པའེ་པི་ཏེ་ཡིས་གསར་འགོད་པར་བརྗོད་དོན། ཤིས་ཨན་ཞན་དབྱང་རྒྱལ་སྤྱིའི་གནམ་ཐང་གི་དེང་རབས་ཅན་གྱི་ཆུ་ཚད་དང་། གྲོང་ཁུལ་དུ་སྐྱོད་སའི་འཐུས་སྒོ་ཚང་བའི་མྱུར་བགྲོད་གཞུང་ལམ། དེ་བཞིན་ལམ་རྒྱུད་དུ་ཟམ་མི་ཆད་པར་འབུར་དུ་ཐོན་པའི་སྐྲུན་དངོས་སྣ་ཚོགས་མཐོང་རྗེས། འཐུས་མི་ཚོགས་པའི་ཁོངས་མི་ཚོ་ཧང་སངས་སོང་། གང་ལགས་ཤེ་ན། ཀྲུང་གོའི་ནུབ་རྒྱུད་གྲོང་ཁྱེར་ལ་བྱུང་བའི་སྔོན་མའི་བག་ཆགས་དང་ད་ལྟའི་དོན་དངོས་གཉིས་དབར་གནམ་ས་ལྟ་བུའི་ཁྱད་པར་ཡོད་པས་རེད། ཤིས་ཨན་དུ་སྐྱོད་རིང་། འཐུས་མི་ཚོགས་པས་ཧྲའན་ཤིས་ལོ་རྒྱུས་རྟེན་མཛོད་ཁང་དང་སྐྲུན་བཞིན་པའི་ཤིས་ཨན་ཐའེ་ཀུའུ་ལི་རྣམ་གྲངས་ལ་ལྟ་སྐོར་བྱས་པ་རེད། ཧྲའན་ཤིས་ལོ་རྒྱུས་རྟེན་མཛོད་ཁང་ནས་དབྱིན་ཇིའི་ཁེ་ལས་མཁས་ཅན་ཚོས་ཐག་ཉེ་ས་ནས་ཀྲུང་གོའི་ལོ་ངོ་སྟོང་གི་ཤེས་རིག་གི་ཉམས་སྣང་ཚོར་ཐུབ་པ་དང་། ཤིས་ཨན་ཐའེ་ཀུའུ་ལི་རྣམ་གྲངས་ཁུལ་ནས་དེང་རབས་ཚོང་ལས་ཀྱིས་ལོ་རྒྱུས་རིག་གནས་ཀྱི་མཚོན་རྟགས་དང་འཆམ་མཐུན་མཉམ་གནས་ཇི་ལྟར་བྱས་པ་མངོན་ཡོད་པ་རེད།
པའེ་པི་ཏེ་ཡིས་བརྗོད་དོན། དབྱིན་ཀྲུང་ཚོང་དོན་མཐུན་ཚོགས་ཀྱིས་ཆེད་མངགས་ཞིབ་འཇུག་ཅིག་བྱས་ཏེ། ཀྲུང་གོའི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་དང་དབྱིན་ཇིའི་དེང་རབས་ཐོན་ལས་འཐབ་ཇུས་གཉིས་ཕན་ཚུན་བསྡུར་བ་བྱས་པར། “མཇུག་འབྲས་ཀྱིས་མི་རྣམས་ཧ་ལས་པ་སྟེ། དེ་གཉིས་མཉམ་འདྲེས་ཐུབ་ཚད་50%ལས་བརྒལ་ཡོད” ཁོང་གིས“ཆེད་ལས་ཞབས་ཞུ་དང་། གསར་གཏོད་ཐོན་ལས། ལུས་རྩལ་དང་ལས་གྲྭའི་ཁྱབ་ཁོངས་བཅས་ཀྱི་དབྱིན་ཇིའི་སྲོལ་རྒྱུན་ལེགས་ཆ་དེ་ཀྲུང་གོའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་གཙོ་བོ་དང་ཏག་ཏག་འཚམ་མཐུན་བྱུང་འདུག”ཅེས་འགྲེལ་བཤད་བརྒྱབ་པ་རེད།
པའེ་པི་ཏེ་ཡིས་ལྗང་མདོག་འཕེལ་རྒྱས་ཁྱབ་ཁོངས་ཀྱི་རྒྱལ་ཁབ་གཉིས་པོའི་ཐུན་མོང་ངོས་འཛིན་ལ་དམིགས་སུ་བཀར་ནས་ནན་བཤད་བྱས་པ་སྟེ། “ཞིབ་ཕྲའི་ཐབས་ལམ་མི་འདྲ་བ་ཡོད་སྲིད་མོད། འོན་ཀྱང‘བཙོག་འབུད་མེད་པའི’ཕྱོགས་སུ་སྐྱོད་པའི་དམིགས་ཚད་རྦད་དེ་གཅིག་མཐུན་རེད། ནུས་རྒྱུ་གསར་པའི་ཁྱབ་ཁོངས་ཀྱི་ཀྲུང་གོའི་བཟོ་སྐྲུན་གྱི་ལེགས་ཆ་དེ། ལྗང་མདོག་དངུལ་རྩ་དང་ཐཱན་ཉོ་ཚོང་ལམ་སྲོལ་སོགས་ཐད་ཀྱི་དབྱིན་ཇིའི་ཉམས་མྱོང་དང་ཕན་ཚུན་གསབ་རེས་བྱས་ཆོག”
པའེ་པི་ཏེ་ཡིས། “ཀྲུང་གོའི་ཁྲོམ་ར་ནས་ཡུན་རིང་གྲུབ་འབྲས་ཐོབ་པའི་དབྱིན་ཇིའི་ཁེ་ལས་དེ་དག་ཚང་མར་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་པ་སྟེ། ཁོང་ཚོས་ཀྲུང་གོ་དེ་ཉིད་དུས་ཐུང་ནང་ཁེ་སྤོགས་བརྩོན་ལེན་བྱེད་ས་ཞིག་ཏུ་མི་བརྩི་བར། དཔལ་འབྱོར་གྱི་དུས་འཁོར་བརྒྱུད་ནས་ཀྲུང་གོའི་ཁྲོམ་ར་དང་མཉམ་དུ་འཕེལ་རྒྱས་ཡོང་རེ་བྱེད་པ་དེ་ཡིན”ཞེས་བཤད།
པའེ་པི་ཏེ་ཡིས། “གལ་སྲིད་ཀྲུང་གོའི་གནས་ཚུལ་ངོ་མ་ཤེས་འདོད་ཚེ། རྩོམ་ཡིག་གམ་ཡང་ན་སྙན་ཞུ་ཁོ་ནར་ལྟ་མི་རུང་བར། ངེས་པར་དུ་ཀྲུང་གོ་དང་ཀྲུང་གོའི་གྲོང་ཁྱེར་ཁག་ཏུ་བསྐྱོད་ནས། དེ་གའི་མི་རྣམས་དང་སྤེལ་རེས་བྱེད་དགོས”ཞེས་ནན་བཤད་བྱས་པ་དང་། ཁོང་གིས་ཡིད་ཆེས་ཆེན་པོས། “དབྱིན་ཀྲུང་ཚོང་དོན་མཐུན་ཚོགས་བཙུགས་པ་ནས་ད་བར། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་སྤེལ་རེས་དང་དམངས་ཁྲོད་འགྲོ་འོང་ལ་སྐུལ་འདེད་གཏོང་བའི་འབྲེལ་ཟམ་གལ་ཆེན་ཞིག་ཏུ་གྱུར་ཡོད། དབྱིན་ཇི་དང་ཀྲུང་གོའི་དབར་དཔལ་འབྱོར་གླེང་མོལ་དང་། ནོར་སྲིད་དངུལ་རྩའི་གླེང་མོལ། འཐབ་ཇུས་གླེང་མོལ་སོགས་ཀྱི་ལམ་སྲོལ་གལ་ཆེན་བསྐྱར་དུ་ལག་ལེན་བསྟར་འགོ་ཚུགས་ཡོད། ཕྱོགས་གཉིས་པོའི་འབྲེལ་གཏུགས་ཀྱི་ཐབས་ལམ་དེ་བས་ཤར་གཏོང་དང་མཉམ་ལས་ཀྱི་རྨང་གཞི་དེ་བས་བརྟན་དུ་འགྲོ་ངེས་རེད”ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།