མཚོ་སྔོན་ཞིང་ཆེན་གྱིས“བྱང་གསུམ”འདུ་འགོད་ཀྱི་དཔྱིད་དུས་སྔོ་འགྱུར་ལས་དོན་སྤེལ་འགོ་ཚུགས་པ།
ཟླ་4ཚེས་10ཉིན། མཚོ་སྔོན་ཞིང་ཆེན་སྔོ་འགྱུར་ཨུ་ལྷན་གཞུང་དོན་ཁང་གིས《2026ལོའི་མཚོ་སྔོན་ཞིང་ཆེན་གྱི“བྱང་གསུམ”འདུ་འགོད་ཀྱི་དཔྱིད་དུས་སྔོ་འགྱུར་ཇུས་གཞི》བཀྲམ་ནས། ཟླ་4པ་ནས་ཟླ་6པའི་བར། ཞིང་ཆེན་ཡོངས་ཀྱིས་དུས་ཚོད་གཅིག་སྡུད་དང་། ཐོན་ཁུངས་གཅིག་སྡུད། སྟོབས་ཤུགས་གཅིག་སྡུད་བཅས་བྱས་ཏེ“བྱང་གསུམ”འདུ་འགོད་དང་དེ་བཞིན་ནགས་ལས་དང་རྩྭ་ཐང་སྐྱེ་ཁམས་འཛུགས་སྐྱོང་གི་གཙོ་གནད་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུ་རེད།
དཔྱིད་དུས་སྐྱེ་ཁམས་འཛུགས་སྐྱོང་གི་དུས་ཚིགས་ཡག་ཤོས་དམ་འཛིན་བྱས་ཏེ་དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་དང་གཙོ་གནད་རྣམ་གྲངས་ལས་འགོ་བསྐྱར་འཛུགས་སོགས་ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་བ་མ་ཟད། དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་ལམ་ལུགས་ཅན་དང་། རྒྱུན་རྣམ་ཅན། ཚད་ལྡན་ཅན་བཅས་ལ་སྐུལ་འདེད་གཏོང་རྒྱུ་དམིགས་ཡུལ་དུ་བྱས་ཏེ་དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་རིགས་8ཀྱི་ཁྲིམས་གཏན་འཁེལ་བའི་འགན་འཁྲིའི་བྱེད་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཡོད། “ངས་མཚོ་སྔོན་དུ་ལྗོན་ཤིང་འདེབས”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་འོས་འགན་ཤིང་འཛུགས་ནང་ཞུགས་པའི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་། ས་ཡུལ་དངོས་སུ་ཤིང་འཛུགས་པ་དང་དྲ་ཐོག་འགན་འཁྲི་གཙང་སྒྲུབ་ཟུང་འབྲེལ་ལ་སྐུལ་འདེད་གཏོང་བ། རིམ་ཁག་གི་འོས་འགན་ཤིང་འཛུགས་རྟེན་གཞི་སྐྲུན་པར་ཤུགས་སྣོན་རྒྱག་པ། བཀོད་པ་ལེགས་སུ་གཏོང་བ་དང་ཞབས་ཞུ་ལེགས་སུ་གཏོང་བ། མང་ཚོགས་ཞུགས་པར་སྟབས་བདེ་སྐྲུན་པ་བཅས་བྱས་པ་མ་ཟད། དྲ་ཐོག་ནས་མ་དངུལ་ཞལ་འདེབས་བརྒྱབ་སྟེ་འགན་འཁྲི་གཙང་སྒྲུབ་དང་ཐཱན་འདུས་ཉོ་སྒྲུབ་སོགས་ཀྱི་བྱེད་ཐབས་ཁྱབ་གདལ་བཏང་ནས་མང་ཚོགས་ཀྱིས་འགན་འཁྲི་གཙང་སྒྲུབ་བྱེད་པའི“མཐའ་མའི་འགག་གནད”ཤར་བགྲོད་ཐུབ་པར་བྱས་ཡོད། དེ་དང་ཆབས་ཅིག གྲོང་ཁྱེར་དང་གྲོང་གསེབ་སྔོ་འགྱུར་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་སོགས་དང་ཟུང་འབྲེལ་བྱས་ནས་དཔེ་སྟོན་གྱི་བཀྲག་མདངས་འཚེར་ས་གཏོད་པའི་རྨང་གཞིའི་ཐོག་མཉམ་འདྲེས་བྱེད་ཐབས་གསར་གཏོད་དང་། འོས་འགན་ཤིང་འཛུགས་དང“བྱང་གསུམ”འདུ་འགོད་དང་ཞན་འགྱུར་ས་ཆ་སླར་གསོ་སོགས་ཀྱི་གཙོ་གནད་ལས་དོན་དང་ཟུང་འབྲེལ་བྱ་རྒྱུར་སྐུལ་འདེད་གཏོང་བ། སྤྱི་ཚོགས་སྟོབས་ཤུགས་ཀྱིས་འདེབས་འཛུགས་གཡོག་བྱེད་དང་དང་བླངས་ཞབས་ཞུ་སོགས་ཀྱི་བྱེད་ཐབས་ནས“བྱང་གསུམ”འདུ་འགོད་འཛུགས་སྐྲུན་ལ་ཞུགས་རྒྱུར་སྐུལ་ལྕག་གཏོང་བ་བཅས་བྱས་ཏེ་དམངས་ཡོངས་ཀྱི་ལྕང་འཛུགས་དང་སྔོ་ལྗང་སྲུང་བའི་འདུ་ཤེས་སྐྱེད་སྲིང་བྱས་ཡོད།
“བྱང་གསུམ”འདུ་འགོད་ཀྱི་དུས་ཐེངས་དྲུག་པའི་འཛུགས་སྐྲུན་ལྟེ་བར་བྱས་ནས་གཙོ་གནད་འབོར་ཐོན་དང་མཉམ་ཤུགས་འདོན་པ་དང་། ཞིང་ཆེན་ཡོངས་ཀྱིས་ལོ་འཁོར་གྱི“བྱང་གསུམ”འདུ་འགོད་དང་ནགས་ལས་དང་རྩྭ་ཐང་གི་གཙོ་གནད་རྣམ་གྲངས་ལ་དམིགས་པ། སྤྱི་འདོམས་མཐུན་སྦྱོར་དང་གཞི་རྒྱུ་གཙོ་བོ་འགན་ལེན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་རྣམ་གྲངས་ཕྱོགས་ཡོངས་ནས་ལས་འགོ་བསྐྱར་འཛུགས་དང་མགྱོགས་མྱུར་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད། “བྱང་གསུམ”འདུ་འགོད་དང་ནགས་ལས་དང་རྩྭ་ཐང་གི་གཙོ་གནད་རྣམ་གྲངས་ལ་བརྒྱུད་རིམ་ལྡན་པའི་ངང་གསེད་བཀྲོལ་བྱེད་པ་དང་། རྣམ་གྲངས་ཀྱི་གསལ་ཐོ་དང་ལས་འགོ་བསྐྱར་འཛུགས་ཀྱི་རྩིས་ཁྲ་བཟོ་བ། དུས་བཅད་བླང་བྱ་ཁ་གསལ་བཟོ་བ་བཅས་བྱས་ཏེ་མཐུད་འཛུགས་རྣམ་གྲངས་ཕྱོགས་ཡོངས་ནས་ལས་འགོ་བསྐྱར་འཛུགས་དང་གསར་སྐྲུན་རྣམ་གྲངས་འགོ་འཛུགས་དགོས་རིགས་ཚང་མ་འགོ་འཛུགས་པར་སྐུལ་འདེད་བཏང་ཡོད། གཞི་རྒྱུ་གཙོ་བོ་འགན་ལེན་ལ་ཤུགས་སྣོན་རྒྱག་པ་དང་། མ་དངུལ་དང་། ས་སྤྱོད། ལྕང་སོན་འདེབས་པ། ལས་མི་བཀོལ་སྤྱོད་སོགས་ཀྱི་འགག་རྩའི་གཞི་རྒྱུར་སྤྱི་འདོམས་འགན་ལེན་བྱེད་པ། སྡེ་ཚན་དབར་གྱི་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཞིབ་མཆན་འགོད་པ་དང་མ་དངུལ་སོགས་ཀྱི་དཀའ་གནད་ཐག་གཅོད་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།