དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • མངོན་མིན་རིག་གནས་ཤུལ་བཞག་མཉམ་འདྲེས་ཀྱིས། མི་རིགས་མཐུན་སྒྲིལ་གཏམ་རྒྱུད་ལེགས་པར་བརྗོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-16

    བོད་ཀྱི་ལྷ་མོའི་རྔ་སྦུག་དང་ཀོང་ཏུང་ཟློས་གར་གྱི་སྙན་འཇེབས་ལྡན་པའི་རྒྱུད་ལྡན་སྒྲ་སྙན་དང་འབུད་གཏོང་རོལ་ཆ་མཉམ་དཀྲོལ་བྱས་ཏེ། གངས་ལྗོངས་ས་མཐོའི་བརྗིད་ཉམས་ཀྱི་སྟངས་སྟབས་དང་རི་བོ་ཝུའུ་ལིང་ལྷོ་རྒྱུད་ཀྱི་ཡང་སོ་དོད་པའི་གར་སྟབས་མཉམ་འཁྲབ་བྱས་ནས། ལྷག་བསམ་ཟོལ་མེད་ཀྱི་མཐའ་མཚམས་སྲུང་བའི་འདས་དོན་ཞིག་བརྗོད་པ་དང་སྦྲགས། རི་ཀླུང་བརྒལ་བའི་མངོན་མིན་རིག་གནས་ཤུལ་བཞག་གི་སྤེལ་རེས་ཤིག་བྱས་པས། ས་ཡུལ་དངོས་ཀྱི་ལྟད་མོ་བ་ཚོས་སྣང་བརྙན་དང་འགྱུར་ཁུག་ཁྲོད་ནས་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཅིག་ཤེས་རྟོགས་ཐུབ་ཡོད་ལ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གསོན་ཤུགས་ངང་གིས་ཚོར་ཐུབ་ཡོད། ཉིན་ཤས་གོང་། བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པ་དང་ཀོང་ཏུང་ཟློས་གར་ཚོགས་པས་མཉམ་དུ་གསར་རྩོམ་བྱས་པའི་བོད་དང་ཀོང་ཏུང་གི་ལོ་རྒྱུས་སྙན་དབྱངས་ཟློས་གར་ཐོག་མ《བོད་སྡོད་ཨམ་བན་ཀྲང་ཏཱ་རེན》ཞེས་པ་ལྷ་སའི་ལྷ་མོའི་སྒྱུ་རྩལ་ལྟེ་གནས་སུ་འཁྲབ་སྟོན་བྱས་པ་རེད།

    སྙན་དབྱངས་ཟློས་གར་དེར་ལོ་རྒྱུས་ཀྱི་ཞིབ་ཆ་སྔོག་འདོན་གཏིང་ཟབ་བྱས་ཏེ་ཆིང་རྒྱལ་རབས་དུས་མཇུག་གི་བོད་སྡོད་ཨམ་བན་ཀྲང་དབྱིན་ཐང་གི་མཛད་རྗེས་བརྗོད་གཞིར་བྱས་ཡོད་པས། ལོ་རྒྱུས་དོན་དངོས་ཀྱི་བབ་རླིང་རང་བཞིན་དང་རྩོམ་རིག་གི་མཛེས་ཉམས་གཞི་གཅིག་ཏུ་འདྲེས་ཡོད། གསར་གཏོད་ཀྱི་སྒྱུ་རྩལ་འཚོལ་ཞིབ་དང་ཉམས་ཀྱིས་ཕྱུག་པའི་སྙན་ངག་གི་གར་སྟེགས་སྒྲིག་བཀོད་ལས། མཐའ་མཚམས་བཅོས་སྐྱོང་གི་ལོ་རྒྱུས་ཀྱི་དོན་དངོས་མཚོན་པར་བྱས་ཡོད་པ་དང་། ཀྲང་དབྱིན་ཐང་ཞེས་པའི་མིང་དེར་འདུས་པའི་མི་རིགས་དབར་གྱི་བརྩེ་བ་དང་ཁྱིམ་ཞེན་རྒྱལ་གཅེས་མངོན་པར་བྱས་ཡོད་ལ། “སྐྱིད་སྡུག་མཉམ་མྱོང་དང་། ཁྲེལ་གྲགས་མཉམ་ཁུར། མཉམ་ཤི་མཉམ་གསོན། ལས་དབང་གཅིག་མཐུན” བཅས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་གསལ་འགྲེལ་བརྒྱབ་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་རྒྱལ་ཁབ་ཀྱི་བདག་དབང་ཁ་འཕྲལ་དུ་མི་རུང་བའི་བསམ་བློའི་ནང་སྙིང་དེ་འགྱུར་ཁུག་རེ་རེ་དང་། གཞུང་སྲོང་བའི་ཚིག་རེ་རེ། ལྗོངས་རྣམ་རེ་རེ་བཅས་ལ་འདུས་པར་བྱས་ཡོད།

    བོད་ཀྱི་ལྷ་མོ་དང་ཀོང་ཏུང་ཟློས་གར་གཉིས་ཀ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་མིང་གཞུང་རྣམ་གྲངས་ཡིན་པའི་ངོས་ནས། མཉམ་དུ་འཁྲབ་ཐེངས་དང་པོ་ཡིན་པའི《བོད་སྡོད་ཨམ་བན་ཀྲང་ཏཱ་རེན》དེ་ཉིད་སྒྱུ་རྩལ་འཁྲབ་སྟོན་ཐད་གསར་གཏོད་རང་བཞིན་ཆེན་པོ་ལྡན་ཡོད། འཁྲབ་འཁྲིད་པ་བསོད་ནམས་དགྲ་འདུལ་གྱིས“གསར་རྩོམ་བྱེད་རིང་། ང་ཚོས་ཐོག་མཐའ་བར་གསུམ་དུ་རིག་གནས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་དོན་སྙིང་ལ་དམིགས་ཏེ། ཟློས་གར་རིགས་གཉིས་ཀྱི་རིག་གནས་ཀྱི་ཁྱད་ཆོས་ཆེ་ཤོས་ལྡན་པའི་གཞི་རྒྱུ་མཉམ་འདྲེས་གཏིང་ཟབ་བྱས་ཏེ། དེང་རབས་ཟློས་གར་གྱི་འཁྲབ་སྟོན་རྣམ་པ་བརྒྱུད་ཚང་མའི་འདྲེན་བྱེད་ཡུལ་དུ་བསྟན་ཡོད། བོད་ཀྱི་ལྷ་མོའི་རྔམ་བརྗིད་དང་ཀོང་ཏུང་ཟློས་གར་གྱི་སྙན་འཇེབས་མཉམ་འདྲེས་ཡག་པོ་ཐུབ་ཡོད་པས། ལྟ་རིན་ཧ་ཅང་ཆེན་པོ་ཡོད”ཅེས་བརྗོད།

    “ལྷ་མོའི་འཁྲབ་སྟོན་ནས་ཀོང་ཏུང་ཟློས་གར་གྱི་གཞས་གདངས་ཐོས་ཐེངས་དང་པོ་ཡིན་ཡང་འཚམ་པོ་མེད་པའི་སྣང་བ་ཁྱོན་ནས་མི་འདུག ཟློས་གར་དེ་བལྟས་རྗེས་གཞི་ནས་ཀྲང་དབྱིན་ཐང་གི་ཁྱིམ་ཞེན་རྒྱལ་གཅེས་ཀྱི་བརྩེ་སེམས་དེ་ཤོས་རྟོགས་ཐུབ་བྱུང་། ལོ་རྒྱུས་མི་སྣ་གསོན་ཉམས་དོད་པོ་འཁྲབ་འདུག” ཅེས་ལྟད་མོ་བ་ཚེ་རིང་རྡོ་རྗེས་མྱོང་ཚོར་ཟབ་མོས་བརྗོད་པ་དང་། ཀོང་ཏུང་ནས་ཡོང་བའི་ལྟད་མོ་བ་ཞིག་གིས“ཕ་ཡུལ་གྱི་ཟློས་གར་དང་བོད་ཀྱི་ལྷ་མོ་མཉམ་དུ་འཁྲབ་པ་དང་། ནང་དོན་ཡང་ས་གནས་གཉིས་དང་འབྲེལ་བའི་གཏམ་རྒྱུད་ཡིན་པ་མཐོང་དུས་སེམས་འགུལ་ཆེན་པོ་ཐེབས་བྱུང་། དེ་ནི‘ལས་དབང་གཅིག་མཐུན’ངོ་མ་རེད་ལ། དེས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་ནང་དོན་གསོན་ཉམས་དོད་པོས་གསལ་འགྲེལ་བྱས་འདུག”ཅེས་བརྗོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཟློས་གར་དེ་སྔ་རྗེས་སུ་པེ་ཅིང་དང་། ཀོང་ཏུང་། ཧྲའན་ཤིས་སོགས་སུ་གཅིག་རྗེས་གཉིས་མཐུད་ངང་སྐོར་འཁྲབ་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།