ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྨན་རི་ཤང་སད་སྒོ་རྭ་གྲོང་ཚོའི།
སྒོ་ར་ཆུང་ཆུང་དྲོ་སོབ་སོབ། ཡིད་འགུག་གཏམ་རྒྱུད་སྙན་ལྷང་ལྷང་།
སད་སྒོ་རྭ་གྲོང་ཚོའི་སྒོ་ར་ཆུང་ངུ་དེར་དཔྱིད་དུས་ཀྱི་དྲོད་འཇམ་ཉི་འོད་འཕྲོས་ཤིང་། ལོ་75ལ་སླེབས་པའི་བགྲེས་སོང་འཇམ་དབྱངས་ཀྱིས་ཐེམ་པའི་སྟེང་བསྡད་དེ་གྲོང་མདའི་ཕྱོགས་སུ་ལྟ་བཞིན་ཡོད་པ་དང་སྲང་ལམ་ནས་ཆ་རྒྱུས་ཆེ་བའི་གཟུགས་བརྙན་ཁ་ཤས་མཐོང་མ་ཐག་ཁོང་གི་ངོ་གདོང་ལས་འཛུམ་མདངས་འཕྱུར།
བགྲེས་སོང་འཇམ་དབྱངས་ནི་གྲོང་ཚོའི་ཁ་ཐོར་བསྙེན་བཀུར་བྱ་ཡུལ་གྱི་འགན་ལེན་ལྔའི་དུད་ཚང་ཞིག་ཡིན་པ་དང་བུ་ཕྲུག་མེད་པར་རང་ཉིད་གཅིག་པུར་འཚོ་བ་སྐྱེལ་བའི་ཁར་དབང་པོ་སྐྱོན་ཅན་ཡིན་སྟབས་འགུལ་སྐྱོད་སྟབས་བདེ་པོ་མེད།
2025ལོའི་ཟླ་5ཚེས་20ཉིན། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྨན་རི་ཤང་སད་སྒོ་རྭ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་བརྗེས་ནས་རིང་པོར་མ་སོང་བར་ལས་དོན་རུ་ཁག་གི་རུ་མི་གསར་པ་དུད་ཚང་དུ་བཅར་འདྲིར་ཡོང་ནས་ཁོང་གི་ཁྱིམ་དུ་ཐེངས་དང་པོ་འཛུལ་སྐབས་བགྲེས་སོང་གི་ལུས་སྟོད་སྒུར་ལ་མགོ་སྐྲ་ཟང་ཟིང་ཡིན་པ་མཐོང་མ་ཐག་གྲོང་སྡོད་བུ་མོ་ཁ་ཤས་ལ་སྙིང་རྗེ་ཆེན་པོ་སྐྱེས་ནས་བགྲེས་སོང་ལ་རོགས་རམ་བྱེད་འདོད་བྱུང་ཡོད།
རུ་མི་ཕུན་ཚོགས་སྒྲོལ་མས“རྨོ་བོ་ལགས། ང་ཚོས་ཁྱེད་ལ་སྐྲ་ཤད་རོགས་བྱས་ཆོག”ཅེས་སྐད་ཤུགས་ཆུང་ངུས་བཤད།
འཇམ་དབྱངས་ཀྱིས་ཧང་སངས་པའི་རྣམ་འགྱུར་སྟོན་བཞིན་མགོ་བོ་ལྕོག་ལྕོག་བྱས།
ཕུན་ཚོགས་སྒྲོལ་མས་རང་ཉིད་ཀྱི་རྨོ་བོར་སྐྲ་ཤད་རྒྱག་པ་བཞིན་བགྲེས་སོང་ལ་ངང་རྒྱུད་རིང་པོས་སྐྲ་ཤད་བརྒྱབ་པ་དང་འཇམ་དབྱངས་ཀྱིས་རེ་ཞིག་ཅང་མི་སྨྲ་བར་མིག་ཟུང་ལ་མཆི་ཞག་འཁོར། སྐྲ་ཤད་བརྒྱབ་རྗེས་རུ་མི་ཚོས་བགྲེས་སོང་གི་ཁང་པར་གཙང་སྦྲ་དང་བསྡུ་གསོག་རྒྱག་རོགས་བྱས་པ་མ་ཟད་ཁོང་དང་ཡུན་རིང་ཅི་འཕྲོས་མོལ་འཕྲོས་བྱེད་ཞོར་གཟུགས་གཞིའི་གནས་ཚུལ་དང་གྲོང་ཚོའི་གནས་ཚུལ་སྐད་ཆ་དྲིས། ཁ་གྱེས་སྐབས་འཇམ་དབྱངས་ཀྱིས་ཕུན་ཚོགས་སྒྲོལ་མའི་ལག་ནས་བཟུང་སྟེ་བྲལ་མི་ཕོད་པའི་རྣམ་འགྱུར་བསྟན།
དུས་དེ་ནས་བཟུང་གྲོང་སྡོད་ལས་དོན་རུ་ཁག་གིས་བགྲེས་སོང་འཇམ་དབྱངས་ལ་གནངས་འཆར་བཞིན་ལྟ་བར་འགྲོ་བ་དང་སྐབས་རེ་ཤིང་ཏོག་སོས་པ་དང་སྔོ་ཚལ་འཁྱེར་བ་དང་། སྐབས་རེ་བགྲེས་སོང་ལ“རྒན་རྒོན་གྱི་དྲ་བའི”དཔང་རྟགས་དང་དབང་པོ་སྐྱོན་ཅན་གྱི་ལག་ཁྱེར་གསབ་གཉེར་བྱེད་རོགས་བྱེད་པ། སྐབས་རེ་སྒོ་རའི་ནང་བསྡད་དེ་ཁོང་དང་མཉམ་དུ་ཉི་མ་སྲོ་བ་དང་ཅི་འཕྲོས་མོལ་འཕྲོས་ཤོད་པ་ལ་སོགས་བྱེད་ཀྱི་ཡོད། བགྲེས་སོང་གི་དྲན་ཤེས་བརྟན་པོ་མེད་རྐྱེན་རྟག་ཏུ་དོན་དག་གཅིག་ཡང་སྐོར་བསྐྱར་སྐོར་ངང་ཤོད་ཀྱི་ཡོད་མོད། འོན་ཀྱང་རུ་མི་ཚོས་ངང་རྒྱུད་རིང་པོས་ཉན་བཞིན་མགོ་བོ་ལྕོག་ལྕོག་བྱེད་ཀྱི་ཡོད།
སད་སྒོ་རྭ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དར་རྒྱས་ཀྱིས“གྲོང་སྡོད་ལས་དོན་རུ་ཁག་གི་རུ་མིས་ཡང་ཡང་ལྟ་བར་ཕྱིན་སྟབས་ད་ཆ་འཇམ་དབྱངས་ཀྱི་སེམས་པ་ཧ་ཅང་སྐྱིད་སྣང་དོད་དུ་ཕྱིན་འདུག་ལ་སུ་འཕྲད་ཀྱང་ངའི་ཕྲུ་གུ་ཚོ་སླར་ཡང་ལྟ་བར་སླེབས་བྱུང་ཞེས་ཤོད་ཀྱི་ཡོད”ཅེས་བཤད།
ཆ་རྒྱུས་མེད་པ་ནས་གཉེན་ཉེ་ལྟ་བུར་གྱུར་བའི་བར་གྱི་མི་སེམས་འགུལ་བའི་གཏམ་རྒྱུད་རེ་རེ་ལས་གྲོང་སྡོད་ལས་དོན་རུ་མིས་མང་ཚོགས་གཉེན་ཉེར་བརྩི་བའི་བརྩེ་སེམས་ཟབ་མོ་མངོན་ཡོད།
ཡངས་པའི་གྲོང་གསེབ་ཀྱི་གཞི་རིམ་དུ་བབ་ཆགས་ཤིང་མི་སེམས་འགུལ་བའི་གཏམ་རྒྱུད་དེ་ལྟ་བུ་ཧ་ཅང་མང་པོ་ཡོད་ཅིང་། གྲོང་སྡོད་ལས་བྱེད་པ་ཁག་དང་ཁག་གིས་རྐང་པ་འདམ་བག་གིས་ཚོས་ཀྱང་མང་ཚོགས་མི་རེ་ངོ་རེའི་སྒོ་ཁར་བསྐྱོད་དེ་ཡར་ཀླུང་གཙང་པོའི་ཆུ་རྒྱུན་བཞིན་ཞིང་འབྲོག་མང་ཚོགས་ལ་གཅེས་སེམས་རྒྱུན་མི་ཆད་པ་ཚོར་བར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།