མཚོ་བོད་ལྕགས་ལམ་བརྒྱུད་བོད་ནས་དངོས་ཟོག་གཏོང་འདྲེན་བྱེད་ཚད་ཏུན་དུང་ཕྱུར་1ལྷག་ཙམ་ཟིན་པ།
ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་4ཚེས་13ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་མེ་འཁོར་ཤར་གཏོང་ཐུབ་ནས་ལོ་20ཡི་རིང་། ལྕགས་ལམ་བརྒྱུད་བོད་ནས་དངོས་ཟོག་གཏོང་འདྲེན་བྱེད་ཚད་བརྟན་པོའི་ངང་འཕར་བ་དང་། 2026ལོའི་ཟླ་4ཚེས་13ཉིན་བར། མཚོ་བོད་ལྕགས་ལམ་བརྒྱུད་བོད་ནས་གཏོང་འདྲེན་བྱས་པའི་དངོས་ཟོག་བསྡོམས་འབོར་ཏུན་དུང་ཕྱུར་1ལྷག་ཙམ་ཟིན་པ་རེད།
2006ལོའི་ཟླ་7ཚེས་1ཉིན། མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་མེ་འཁོར་ཤར་གཏོང་ཐུབ་ནས་བོད་དུ་ལྕགས་ལམ་མེད་པའི་ལོ་རྒྱུས་རྦད་དེ་མཇུག་འགྲིལ་ཡོད། ལོ་20ཡི་རིང་། ལྕགས་ལམ་བརྒྱུད་བོད་ནས་དངོས་ཟོག་གཏོང་འདྲེན་བྱེད་ཚད་བརྟན་པོའི་ངང་འཕར་བ་དང་རྒྱུན་མཐུད་ཚད་བརྒལ་བྱུང་ཡོད།
2006ལོར་བོད་ནས་ཕྱིར་གཏོང་དང་བོད་དུ་ནང་འདྲེན་བྱས་པའི་དངོས་ཟོག་སྐྱེལ་འདྲེན་ཏུན་ཁྲི་36.1ལས་ཟིན་གྱི་མེད་པ་དང་2025ལོའི་ལོ་མཇུག་ཏུ་སླེབས་སྐབས་ཏུན་ཁྲི་831.3བར་འཕར་ནས་ལོར་ཆ་སྙོམས་འཕར་ཚད་18.0%ཟིན་ཡོད། དེའི་ནང་བོད་དུ་ནང་འདྲེན་བྱས་པའི་དངོས་ཟོག་2006ལོའི་ཏུན་ཁྲི་34ནས་2025ལོའི་ཏུན་ཁྲི་690.8བར་འཕར་ནས་ལོར་ཆ་སྙོམས་17.2%འཕར་ཡོད། བོད་ནས་ཕྱིར་གཏོང་བྱས་པའི་དངོས་ཟོག་2006ལོའི་ཏུན་ཁྲི་2.1ནས་2025ལོའི་ཏུན་ཁྲི་140.5བར་འཕར་ནས་ལོར་ཆ་སྙོམས་24.8%འཕར་ཡོད།
དངོས་ཟོག་སྐྱེལ་འདྲེན་གྱི་དགོས་མཁོ་རྒྱུན་མཐུད་འཕར་བ་དང་བསྟུན་ནས་མཚོ་བོད་ལྕགས་ལམ་གྱི་ཟོག་འདྲེན་ནུས་པ་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་ལམ་དྲའི་བཀོད་པ་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད། མཚོ་བོད་ལྕགས་ལམ་གོར་མོ་ནས་ལྷ་སའི་བར་གྱི་དུམ་བུ་ནི་ལྟེ་བའི་ཟོག་འདྲེན་ལམ་བུ་ཞིག་ཡིན་ཞིང་། ཤར་གཏོང་ཐུབ་མ་ཐག་པའི་སྐབས་དང་བསྡུར་ན་ཕྱོགས་ཡོངས་ནས་རིམ་སྤོར་བྱུང་བ་སྟེ། མེ་འཁོར་འབབ་ཚུགས་58བར་མང་དུ་ཕྱིན་པ་དང་། གཏོང་འདྲེན་བསྡོམས་འབོར་ཏུན་2880བར་འཕར་བ། འགྲུལ་སྐྱེལ་དང་ཟོག་འདྲེན་མེ་འཁོར་གྱི་གྲངས་འབོར་ཆ་17བར་འཕར་བ་བཅས་ཟོག་འདྲེན་དྲ་རྒྱ་རྒྱུན་མཐུད་རྒྱ་སྐྱེད་དང་སྣུར་སྲིང་ཐུབ་སྟེ་ལྷ་གཞིས་ལྕགས་ལམ་དང་ལྷ་ཉིང་ལྕགས་ལམ་སྔ་རྗེས་སུ་མཚོ་བོད་ལྕགས་ལམ་དང་སྦྲེལ་མཐུད་ཐུབ་པ་དང“Y”དབྱིབས་ལྕགས་ལམ་གྱི་སྒྲོམ་གཞི་གཙོ་བོ་གྲུབ་ཡོད། བོད་ཀྱི་ལྕགས་ལམ་གཉེར་སྐྱོང་ལམ་ཐག་སྤྱི་ལེ་1000ལས་བརྒལ་བ་དང་ཟོག་འདྲེན་ལས་སྒོ་གཉེར་སའི་མེ་འཁོར་འབབ་ཚུགས་5བར་མང་དུ་ཕྱིན་ནས་ལྕགས་ལམ་གྱི་ཁྱབ་འགྱེད་ནུས་པ་ཆེ་རུ་ཕྱིན་ཡོད།
འབྲེལ་ཡོད་གསར་འགྱུར།