དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཨ་པུའུ་ཀྲ་པིའི་རྒྱལ་རྒྱུད་འཛིན་མཁན་ཧ་ལི་ཏེ་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2026-04-16

    ཟླ་4ཚེས་14ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་འཚམས་འདྲིར་ཕེབས་པའི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཨ་པུའུ་ཀྲ་པིའི་རྒྱལ་རྒྱུད་འཛིན་མཁན་ཧ་ལི་ཏེ་དང་མཇལ་འཛོམས་གནང་བ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་14ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་འཚམས་འདྲིར་ཕེབས་པའི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཨ་པུའུ་ཀྲ་པིའི་རྒྱལ་རྒྱུད་འཛིན་མཁན་ཧ་ལི་ཏེ་དང་མཇལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ནི་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་འབྲེལ་བ་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་ཀྲུང་ཨའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ། དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་བརྟན་པོ་གཏོང་བ། མི་ཆོས་རིག་གནས་སྤེལ་རེས་ཕུན་སུམ་ཚོགས་སུ་ཕྱིན་པ་བཅས་བྱུང་ཡོད། ཀྲུང་ཨའི་འབྲེལ་བ་སྲ་བརྟན་དང་ཟབ་ཏུ་གཏོང་རྒྱུ་ནི་ཕྱོགས་གཉིས་པོའི་ཐུན་མོང་གི་ངོས་འཛིན་བརྟན་པོ་ཞིག་ཡིན་པ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རེ་སྒུག་དང་མཐུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཕྱོགས་དང་ལག་གདང་སྦྲེལ་ནས་མཉམ་དུ་བསྐྱོད་དེ་དེ་བས་སྲ་ཞིང་བརྟན་ལ་གསོན་ཤུགས་ལྡན་པའི་ཀྲུང་ཨའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གཏོད་འདོད་ཡོད། ཕྱོགས་གཉིས་པོས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་མུ་མཐུད་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ། མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་དང་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་དགོས། འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་ནུས་རྒྱུ་དང་། མ་འཇོག ཚོང་དོན། ཚན་རྩལ་སོགས་ཁྱབ་ཁོངས་སུ་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་ཏེ་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། སློབ་གསོ་དང་། དམངས་སྤྱོད་མཁའ་འགྲུལ། ཡུལ་སྐོར་སོགས་ཀྱི་མཉམ་ལས་ལ་གྲུབ་འབྲས་དེ་བས་ཆེ་བ་ཐོབ་པར་སྐུལ་འདེད་བཏང་ནས་མི་ཆོས་རིག་གནས་སྤེལ་རེས་ཟབ་ཏུ་དང་དམངས་འདོད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། མཉམ་འབྲེལ་རྒྱལ་ཚོགས་དང་འབོ་གསེར་རྒྱལ་ཁབ་སོགས་ཕྱོགས་མང་ལས་སྟེགས་སུ་མཐུན་སྦྱོར་མཉམ་ལས་བྱེད་ཟབ་ཏུ་བཏང་སྟེ། ཀྲུང་ཨའི་འབྲེལ་བའི་བརྟན་ལྷིང་རང་བཞིན་ལ་བརྟེན་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་ཀྱི་གཏན་འཁེལ་མེད་པའི་རང་བཞིན་ལ་ཁ་གཏད་བཅག་སྟེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས།

    ཕྱོགས་གཉིས་པོས་མིག་སྔའི་དབུས་ཤར་དང་མཚོ་ཁུག་ས་ཁུལ་གྱི་དུས་བབ་ལ་དམིགས་ནས་དགོངས་འཆར་བརྗེ་རེས་གནང་ཞིང་། ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱི་བར་འདུམ་མཐུན་འཇུག་གི་རྩ་དོན་དང་ལངས་ཕྱོགས་ནན་བཤད་གནང་ནས་དེའི་ཐད་དགེ་མཚན་ལྡན་པའི་ནུས་པ་མུ་མཐུད་འདོན་གྱི་ཡིན་ཞེས་བསྐྱར་བསྒྲགས་གནང་བ་རེད།

    ཞི་ཅིན་ཕིང་གིས་དབུས་ཤར་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་དང་སྐུལ་འདེད་གཏོང་རྒྱུའི་ཐད་འདོད་ཚུལ་ཁག་བཞི་བཏོན་གནང་བ་སྟེ། གཅིག་ནས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་དགོས། དབུས་ཤར་མཚོ་ཁུག་རྒྱལ་ཁབ་ནི་གཅིག་ལ་གཅིག་བརྟེན་དང་བྲལ་མི་ཐུབ་པའི་ཁྱིམ་མཚེས་རྒྱལ་ཁབ་རེད། དབུས་ཤར་མཚོ་ཁུག་རྒྱལ་ཁབ་ཀྱི་འབྲེལ་བ་ལེགས་སུ་གཏོང་བར་རྒྱབ་སྐྱོར་བྱས་ཏེ་ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་ཆོག་པ་བཅས་ཀྱི་དབུས་ཤར་དང་མཚོ་ཁུག་ས་ཁུལ་གྱི་བདེ་འཇགས་སྒྲོམ་གཞི་བསྐྲུན་པར་སྐུལ་འདེད་བཏང་ནས་ཞི་བདེ་མཉམ་གནས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། གཉིས་ནས་རྒྱལ་ཁབ་ཀྱི་བདག་དབང་གི་རྩ་དོན་མཐའ་འཁྱོངས་བྱེད་དགོས། བདག་དབང་ནི་རྒྱལ་ཁབ་ཁག་དང་ལྷག་པར་དུ་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རྟེན་ས་ཡིན་པས་གནོད་འཚེ་གཏོང་མི་རུང་། དབུས་ཤར་མཚོ་ཁུག་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། མངའ་ཁོངས་ཆ་ཚང་བཅས་ལ་བརྩི་འཇོག་ཏན་ཏིག་བྱེད་དགོས་པ་དང་རྒྱལ་ཁབ་ཁག་གི་མི་སྣ་དང་། སྒྲིག་བཀོད། སྒྲིག་གཞི་བཅས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས། གསུམ་ནས་རྒྱལ་སྤྱིའི་ཁྲིམས་སྐྱོང་རྩ་དོན་མཐའ་འཁྱོངས་བྱེད་དགོས། རྒྱལ་སྤྱིའི་ཁྲིམས་སྐྱོང་གི་དབང་གྲགས་སྲུང་སྐྱོང་བྱེད་པར“མཐུན་ན་སྤྱོད་པ་དང་མ་མཐུན་ན་དོར་བ”བྱེད་མི་རུང་བ་དང་འཛམ་གླིང་འདི་ཉིད་ནགས་ཚལ་ངེས་སྲོལ་དུ་ཕྱི་བཤོལ་བྱེད་དུ་འཇུག་མི་རུང་། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་དུ་བྱས་པའི་རྒྱལ་སྤྱིའི་མ་ལག་དང་། རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་དམིགས་ཡུལ་དང་རྩ་དོན་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་བཅས་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་དགོས། བཞི་ནས་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་རྒྱུ་མཐའ་འཁྱོངས་བྱེད་དགོས། བདེ་འཇགས་ནི་འཕེལ་རྒྱས་ཀྱི་སྔོན་འགྲོ་ཡིན་པ་དང་འཕེལ་རྒྱས་ནི་བདེ་འཇགས་ཀྱི་འགན་ལེན་ཡིན། ཕྱོགས་ཚང་མས་དབུས་ཤར་མཚོ་ཁུག་རྒྱལ་ཁབ་འཕེལ་རྒྱས་གཏོང་བར་ཁོར་ཡུག་བཟང་པོ་གཏོད་པ་དང་དྲང་ནུས་སྣོན་དགོས། ཀྲུང་གོ་ཕྱོགས་ཀྱིས་དབུས་ཤར་མཚོ་ཁུག་རྒྱལ་ཁབ་དང་མཉམ་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གོ་སྐབས་མཉམ་སྤྱོད་བྱས་ཏེ་ས་ཁུལ་འཕེལ་རྒྱས་དང་བདེ་འཇགས་ཡོང་བར་འབད་བརྩོན་བྱེད་འདོད་ཡོད།

    ཧ་ལི་ཏེས་གསུངས་དོན། ཨ་ཀྲུང་འབྲེལ་བར་ལོ་རྒྱུས་ཡུན་རིང་ལྡན་ཞིང་རྨང་གཞི་བརྟན་པོ་ཡོད་པ་དང་རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་བྱེད་ཀྱི་ཡོད་པས་ཐུན་མོང་གི་ཁེ་ཕན་རྒྱ་ཁྱབ་ལྡན་ཡོད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཕྱོགས་ཀྱིས་ཀྲུང་གོ་དང་འབྲེལ་བ་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ཅིང་། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་པོའི་འབྲེལ་བར་དེ་བས་ཡངས་པའི་མདུན་ལམ་བཏོད་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཕྱོགས་ཀྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་དུ་ཀྲུང་གོས་འགན་འཁྲི་འཁུར་བ་དང་དགེ་མཚན་ལྡན་པའི་ནུས་པ་བཏོན་ཏེ། ཆབ་སྲིད་ཀྱི་ཐོག་ནས་མིག་སྔའི་དབུས་ཤར་གྱི་ཉམས་ཉེན་ཐག་གཅོད་བྱ་ཆེད་འབད་བརྩོན་ཧུར་ཐག་བྱས་པར་བསྔགས་བརྗོད་བྱེད་རྒྱུ་ཡིན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འབྲེལ་གཏུག་མཐུན་སྦྱོར་དམ་ཟབ་བྱེད་པར་གཞོལ་ནས་འབྲེལ་ཡོད་ཕྱོགས་ཀྱིས་དམག་མཚམས་འཇོག་པར་སྐུལ་འདེད་གཏོང་བ་དང་། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་གང་མགྱོགས་སླར་གསོ་བྱེད་པ། རྒྱལ་སྤྱིའི་མཚོ་ཐོག་སྐྱེལ་འདྲེན་གྱི་བདེ་འཇགས་ལ་སྲུང་སྐྱོང་བཅས་བྱས་ཏེ། གོ་ལ་ཧྲིལ་པོའི་དཔལ་འབྱོར་དང་ནུས་རྒྱུའི་བདེ་འཇགས་ལ་ཤུགས་རྐྱེན་དེ་བས་ཆེ་བ་མི་ཐེབས་པ་བྱེད་རྒྱུ་ཡིན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཕྱོགས་ཀྱིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་དང་སྒྲིག་གཞིའི་བདེ་འཇགས་ལ་སྲུང་སྐྱོང་ཏན་ཏིག་བྱེད་རྒྱུ་ཡིན།

    ཝང་དབྱི་མཇལ་འཛོམས་ལ་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།