དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སི་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2026-04-16

    ཟླ་4ཚེས་14ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སི་དང་མཇལ་འཛོམས་གནང་བ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་14ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སི་དང་མཇལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། རྒྱལ་སྤྱིའི་དུས་བབ་འགྱུར་ལྡོག་དང་ཟང་ཟིང་ཆེ་ཡང་ཀྲུང་གོ་དང་སི་ཕེན་གྱི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ནས་འཐབ་ཇུས་ཀྱི་ངེས་ཤུགས་ལྡན་པའི་ཀྲུང་གོ་དང་སི་ཕེན་འབྲེལ་བ་བཏོད་པའི་ཉམས་མྱོང་གལ་ཆེན་ཞིག་ནི་ཐུན་མོང་གི་ཁེ་ཕན་ལ་གཞིགས་ནས་ཐབས་ཇུས་ཡང་དག་བཏོན་པ་དེ་རེད། མཉམ་ལས་ཟབ་ཏུ་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཁེ་ཕན་དང་མཐུན་པ་དང་དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་བསྟུན་ནས་ཕན་ཚུན་རང་བཙན་རང་བདག་གི་ལམ་བུར་སྐྱོད་པའི་སྟོབས་ཤུགས་དང་གདེང་ཚོད་ཆེ་རུ་ཕྱིན་པ་དོན་དངོས་ལས་ར་འཕྲོད་བྱུང་ཡོད། ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་སི་ཕེན་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ་ཕན་ཚུན་དབར་གྱི་ཕྱི་ཕྱོགས་སྲིད་ཇུས་ཀྱི་གནས་བབ་གལ་ཆེན་ཐོག་བཞག་ནས། ཕྱོགས་སོ་སོའི་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པར་ཕན་ཚུན་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོས་ཕུགས་ཀྱི་འཐབ་ཇུས་དམིགས་ཚད་དང་དུས་མཚམས་རང་བཞིན་གྱི་དམིགས་ཚད་གཅིག་གྱུར་བྱས་ཏེ་གཅིག་རྗེས་གཉིས་མཐུད་ངང་སྒྲུབ་པའི་ལོ་རྒྱུས་ཀྱི་ངང་རིང་ལ་བརྟེན་ནས་མུ་མཐུད་ལོ་ལྔའི་འཆར་འགོད་བཟོས་པ་དང་ལག་བསྟར་བྱས་ཡོད། ང་ཚོར་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་ཆོད་སེམས་ཡོད་ལ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་བརྟེན་ནས་འཛམ་གླིང་ལ་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་པའི་བློ་རྒྱ་ཡང་ཡོད་པ་མ་ཟད། རང་ངོས་འཕེལ་རྒྱས་ལ་བརྟེན་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བར་གདེང་ཚོད་དང་སྒུལ་ཤུགས་ཀྱང་སྣོན་རྒྱུ་ཡིན། ཕྱོགས་གཉིས་པོས་གོ་སྐབས་དམ་འཛིན་བྱས་ཏེ་གསར་གཏོད་འཕེལ་རྒྱས་མཉམ་དུ་དོན་གཉེར་བྱེད་པ་དང་། ཚོང་དོན་དང་། ནུས་རྒྱུ་གསར་པ། རིག་ནུས་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། རིག་གནས་དང་། སློབ་གསོ། ཚན་ཞིབ། ལུས་རྩལ་བཅས་སྤེལ་རེས་བྱ་རྒྱུར་སྐུལ་ལྕག་བྱེད་པ། རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་གྲུབ་འབྲས་དེ་བས་མང་བ་ཐོབ་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་དེ་བས་མང་བ་སྐྲུན་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཟང་ཟིང་ཆེ་བའི་དེང་གི་འཛམ་གླིང་ལ་སྤྱི་ལུགས་དང་བཙན་དབང་གི་འགྲན་རྩོད་འཕྲད་བཞིན་ཡོད། རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་སྒྲིག་ལམ་ལ་ལྟ་ལུགས་ལས་རྒྱལ་ཁབ་གཅིག་གི་འཇིག་རྟེན་ལྟ་བ་དང་། སྒྲིག་ལམ་ལྟ་བ། རིན་ཐང་ལྟ་བ། འགན་འཁྲིའི་ལྟ་བ་བཅས་མཚོན་ཐུབ། ཀྲུང་གོ་དང་སི་ཕེན་གཉིས་ཀ་ནི་རྩ་དོན་ལ་བརྩི་སྲུང་ཞུ་མཁན་དང་གནས་ལུགས་བརྗོད་མཁན་གྱི་རྒྱལ་ཁབ་ཡིན་པས། འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་། ཕན་ཚུན་དབར་གྱི་ཡིད་ཆེས་ཟབ་ཏུ་གཏོང་བ། མཉམ་ལས་དམ་ཟབ་བཅས་བྱས་ཏེ་འཛམ་གླིང་ནགས་ཚལ་ངེས་སྲོལ་ལ་ཕྱི་བཤོལ་བྱེད་པར་ངོ་རྒོལ་བྱས་ནས་ཕྱོགས་མང་རིང་ལུགས་ངོ་མ་མཉམ་དུ་སྲུང་སྐྱོང་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱས་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་པ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས།

    སང་ཆེ་སིས་གསུངས་དོན། ངས་ལོ་བཞིའི་རིང་ཀྲུང་གོར་འཚམས་འདྲི་ཐེངས་4བྱས་པ་དེ་ཐོག་ནས་ཕྱོགས་གཉིས་པོས་སི་ཕེན་དང་ཀྲུང་གོའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་པ་མཚོན་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་སི་ཕེན་དུ་མ་འཇོག་མཉམ་ལས་བྱས་ཏེ་སི་ཕེན་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། སི་ཕེན་གྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ཞུ་བ་དང་། ཀྲུང་གོའི་རྒྱལ་ཁབ་ཆེན་པོའི་གནས་བབ་ལ་ཚད་མཐོའི་མཐོང་ཆེན་བྱེད་པ། འཐབ་ཇུས་ཀྱི་ངེས་ཤུགས་ལྡན་པའི་སི་ཀྲུང་གི་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་བློ་བརྟན་འགྱུར་མེད་ངང་གཞོལ་བ་བཅས་བྱས་ཏེ་ཚོང་དོན་དང་། མ་འཇོག ནུས་རྒྱུ་གསར་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། རྙོག་འཛིང་ཆེ་ལ་ཛ་དྲག་པའི་རྒྱལ་སྤྱིའི་དུས་བབ་དང་གདོང་ཐུག་གི་རྩོད་གཞི་ཡང་ཡང་ཐོན་པའི་མདུན་དུ། ཕྱོགས་མང་རིང་ལུགས་མཐའ་འཁྱོངས་དང་སྣེ་མང་འཛམ་གླིང་བསྐྲུན་པར་སྐུལ་འདེད་བཏང་ཚེ། གཞི་ནས་མིའི་རིགས་ལ་ཡུན་རིང་གི་ཞི་བདེ་ཡོང་ཐུབ། སི་ཕེན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞིར་རྒྱབ་སྐྱོར་ཧུར་ཐག་བྱ་རྒྱུ་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་འབྲེལ་གཏུག་མཉམ་ལས་ཟབ་ཏུ་གཏོང་བ་དང་། རྒྱལ་སྤྱིའི་ས་འབྲེལ་ཆབ་སྲིད་དང་། ཚོང་དོན་སྲུང་སྐྱོང་རིང་ལུགས། གནམ་གཤིས་འགྱུར་ལྡོག་སོགས་ཕྱོགས་ཁག་གི་འགྲན་སློང་ལ་མཉམ་དུ་ཁ་གཏད་བཅག་ནས་རྒྱལ་སྤྱིའི་བཅའ་ཁྲིམས་དང་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་བྱེད་འདོད་ཡོད། སི་ཕེན་གྱིས“འཇམ་འཐབ་གསར་པར”ངོ་རྒོལ་དང“འབྲེལ་གཅོད་ཕྲེང་གཏུབ”ལ་ངོ་རྒོལ་བྱས་ཏེ་ཡོ་རོབ་དང་ཀྲུང་གོའི་འབྲེལ་གཏུག་དང་བསམ་ཤེས་ཟབ་ཏུ་གཏོང་བ་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ་དེ་ཕྱོགས་གཉིས་པོའི་ཐུན་མོང་གི་ཁེ་ཕན་དང་མཐུན་པ་མ་ཟད། འཛམ་གླིང་གི་ཞི་བདེ་བརྟན་ལྷིང་ལའང་ཕན་ཐོགས་ཡོད།

    ཝང་དབྱི་མཇལ་འཛོམས་ལ་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།