ཀྲུང་གོ་དང་ཐེ་ལན་གྱིས་ལག་གདང་སྦྲེལ་ནས་མཉམ་དུ་ལག་རྩལ་ཤེས་ལྡན་པ་གསོ་སྐྱོང་བྱེད་པར་ཤུགས་སྣོན་བརྒྱབ་པ།

འདི་ནི་ཐེ་ལན་གྱི་སློབ་མས་ནུས་རྒྱུ་གསར་པའི་རླངས་འཁོར་གསོ་སྦྱོང་ལྟེ་གནས་སུ་དངོས་སྦྱོང་བྱེད་བཞིན་པ།
ཉེ་བའི་ལོ་ཤས་རིང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང“ཐེ་ལན་གྱི་4.0”འཐབ་ཇུས་འབྲེལ་མཐུད་གཏིང་ཟབ་བྱས་པ་དང་བསྟུན་ནས། ཀྲུང་གོ་དང་ཐེ་ལན་ཕྱོགས་གཉིས་པོས་མི་ཐབས་རིག་ནུས་དང་། ལྕགས་ལམ་འགྲིམ་འགྲུལ། ནུས་རྒྱུ་གསར་པའི་རླངས་འཁོར་སོགས་ཁྱབ་ཁོངས་སུ་ལག་རྩལ་ཤེས་ལྡན་པ་རྒྱུན་མཐུད་གསོ་སྐྱོང་བྱས་ཏེ། ཀྲུང་ཐེའི་ཚན་རྩལ་གསར་གཏོད་མཉམ་ལས་ལ་གསོན་ཤུགས་བསྣན་ནས་ཐེ་ལན་གྱི་བཟོ་ལས་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བར་རམ་འདེགས་བྱས་ཡོད།
ཀྲུང་གོ་ཚན་རིག་ཁང་པང་ཁོག་གསར་གཏོད་མཉམ་ལས་ལྟེ་གནས།
“ས་གནས་དེ་གར་མི་ཐབས་རིག་ནུས་དང་རང་འགུལ་ཅན་གྱི་ཁྱབ་ཁོངས་སུ་ཤེས་ལྡན་པ་གསོ་སྐྱོང་བྱས་པ”
2017ལོར་ཀྲུང་གོ་ཚན་རིག་ཁང་པང་ཁོག་གསར་གཏོད་མཉམ་ལས་ལྟེ་གནས(གཤམ་དུ“པང་ཁོག་ལྟེ་གནས”ཞེས་བསྡུ་རྒྱུ)ཐེ་ལན་དུ་བཙུགས་ཤིང་། པང་ཁོག་ལྟེ་གནས་ཀྱིས་རྨང་གཞིའི་སྒྲིག་བཀོད་དང་། བར་སྣང་ལག་རྩལ། མི་མེད་འཁོར་གཏོང་། སྨན་བཅོས་འཕྲོད་སྦྱོར། ཐཱན་ཉུང་ཁོར་ཡུག་སྲུང་སྐྱོང་སོགས་ཁྱབ་ཁོངས་མང་པོར་ཐེ་ཀྲུང་ཕྱོགས་གཉིས་པོའི་ཚན་རྩལ་གསར་གཏོད་ཁེ་ལས་མཉམ་ལས་ལ་རམ་འདེགས་བྱས་ཡོད།
པང་ཁོག་ལྟེ་གནས་ཀྱི་སྐུལ་འདེད་འོག་ཐེ་ལན་ཤན་ལུའོ་ཨར་འདམ་ཚོགས་པས་ཀྲུང་གོ་ཕྱོགས་ཀྱི་སྒྲིག་གཞི་དང་ཁེ་ལས་མང་པོ་དང་མཉམ་ལས་བྱས་ཏེ། ཐེ་ལན་གྱི་5G+རང་འགུལ་འཁོར་གཏོང་གི་རིག་ནུས་ལྗང་མདོག་གཏེར་རིའི་རྣམ་གྲངས་ཐོག་མ་དེ་མཉམ་དུ་སྤེལ་བ་རེད། ཐེ་ལན་ཤན་ལུའོ་ཨར་འདམ་ཚོགས་པའི་རྒྱལ་སྤྱིའི་སྤྱི་ཁྱབ་ཅིང་ལི་ཅི་ལ་ཕཱ་ཡིས། རྣམ་གྲངས་དེར་5Gདང་། མི་ཐབས་རིག་ནུས། རང་འགུལ་འཁོར་གཏོང་། ནུས་རྒྱུ་གསར་པའི་སྒུལ་ཤུགས་གློག་རྫས་སོགས་ཀྱི་ལག་རྩལ་ཕྱོགས་བསྡུས་སུ་སྤྱད་དེ་ཀུང་སིར་རྩལ་ནུས་ཆེ་བའི་ཤེས་ལྡན་པ་ཁག་གཅིག་གསོ་སྐྱོང་བྱེད་རོགས་བྱས་ཡོད་ཅེས་བརྗོད་པ་དང་། ཁོང་གིས། “ཀྲུང་གོའི་མི་ཐབས་རིག་ནུས་ལག་རྩལ‘བློ་རིག་ཀླད་ཆེན’དང་འདྲ་བར་དེ་ལས་གསར་བརྗེའི་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད”ཅེས་བརྗོད་པ་རེད།
རྣམ་གྲངས་ལག་བསྟར་གྱི་འགན་འཁུར་བ་ཀྲུང་ཁོ་ཧུའེ་ཐུའོ་ཡི་དབུ་བཞུགས་ལག་བསྟར་དཔོན་ཁྲེན་ལུང་གིས“གཏེར་རིའི་རིག་ནུས་ཅན་ཁྱབ་ཁོངས་ཀྱི་ཀྲུང་གོའི་ལག་རྩལ་གསོ་སྐྱོང་བྱེད་པ་དེ་ཐེ་ལན་གྱི་གཏེར་ལས་རིམ་སྤོར་གྱི་དགོས་མཁོ་དང་མཐུན་ཡོད། རྣམ་གྲངས་དེས་ཀྲུང་ཐེའི་ཚན་རྩལ་སྤེལ་རེས‘མཁྲེགས་ཆས་འབྲེལ་མཐུད’ནས‘ཤེས་ལྡན་པའི་མཐུན་རྐྱེན་སྦྱོར་བའི’བར་གཏིང་ཟབ་ཏུ་འགྲོ་བར་སྐུལ་འདེད་བཏང་སྟེ། ཐེ་ལན་ཕྱོགས་ཀྱི་རོགས་ཟླས་མ་ལག་བཀོལ་སྤྱོད་བདག་སྐྱོང་གི་ནུས་པ་ཁོང་དུ་ཆུད་པར་བྱས་ནས་ས་གནས་དེ་གར་མི་ཐབས་རིག་ནུས་དང་རང་འགུལ་ཅན་ཁྱབ་ཁོངས་སུ་ཤེས་ལྡན་པ་གསོ་སྐྱོང་བྱས་ཡོད”ཅེས་བརྗོད་པ་རེད།
ལུའུ་པན་བཟོ་ཁང་།
“ཐེ་ལན་གྱི་དེང་རབས་བཟོ་ལས་ལ་གསར་གཏོད་ཀྱི་གསོན་ཤུགས་བསྣན་པ”
ཐེ་ལན་གྱི་ལུའུ་པན་བཟོ་ཁང་ནི་ཐེན་ཅིན་པོ་ཧའེ་ལས་རིགས་ལག་རྩལ་སློབ་གླིང་དང་ཐེ་ལན་ཏ་ཁྲེང་ལག་རྩལ་སློབ་གླིང་གིས་མཉམ་དུ་བཙུགས་པ་ཞིག་ཡིན་ཞིང་། དེར་སློབ་ཁྲིད་ལག་ལེན་ཁུལ་15ཡོད་པ་དང་འཕྲུལ་གློག་གཞི་གཅིག་ཅན་དང་། ཟོག་སྦྲེལ་དྲ་རྒྱའི་ལག་རྩལ། འཕྲུལ་ཆས་བཟོ་སྐྲུན། རང་འགུལ་ཅན་སོགས་རྒྱལ་སྤྱིའི་ཆེད་ལས་4བཀོད་སྒྲིག་བྱས་ཡོད། 2018ལོར་ཐེ་ལན་ལུའུ་པན་བཟོ་ཁང་གིས་ལྕགས་ལམ་སློབ་གླིང་ལྟེ་གནས་བསྐྲུན་ནས་མྱུར་བགྲོད་ལྕགས་ལམ་གྱི་ཤུགས་འགྲེམས་མེ་འཁོར་ཞིབ་བཤེར་ཉམས་བཟོའི་ལག་རྩལ་དང་མྱུར་བགྲོད་ལྕགས་ལམ་གྱི་བརྡ་རྟགས་རང་འགུལ་ཚོད་འཛིན་གྱི་རྒྱལ་སྤྱིའི་ཆེད་ལས་ཁག་གཉིས་བཙུགས་པ་དང་། དེ་ཕྱི་རྒྱལ་དུ་བཙུགས་པའི་ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་རིགས་ཀྱི་ལག་རྩལ་རྩལ་ནུས་གསོ་སྦྱོང་ལྟེ་གནས་དང་པོ་དེར་གྱུར་ཡོད། ལོ་མང་རིང་། ཐེ་ལན་གྱི་ལུའུ་པན་བཟོ་ཁང་གི་ས་གནས་དེ་གའི་སློབ་རྒྱུས་སློབ་གསོར་རིམ་རྩིས་བརྒྱབ་ན་མི་2380གསོ་སྐྱོང་བྱས་ཡོད།
ཐེ་ལན་སློབ་གསོ་པུའི་ལས་རིགས་སློབ་གསོ་ཨུ་ལྷན་གྱི་ལས་རོགས་དྲུང་ཆེ་སུའུ་ལ་ཕེང་གིས། ཐེ་ལན་གྱི་ལུའུ་པན་བཟོ་ཁང་གིས་ཐེ་ལན་རྒྱལ་ཁབ་ཀྱི་རྩལ་ནུས་འཕེལ་རྒྱས་སྒྲོམ་གཞི་དང་སྦྲེལ་མཐུད་གནད་སྨིན་བྱས་ཏེ། ལྕགས་ལམ་འགྲིམ་འགྲུལ་ཚོད་འཛིན་དང་སྲུང་སྐྱོང་ལག་རྩལ་དང་། འཕྲུལ་མི། འཕྲུལ་གློག་གཞི་གཅིག་ཅན་སོགས་ཀྱི་རིག་ཚན་བཀོད་སྒྲིག་བྱས་ནས“བྱང་ཚད་མཐོ་བའི་རྩལ་ནུས་ཤེས་ལྡན་པ་གསོ་སྐྱོང་ལ་རམ་འདེགས་བྱས་ཏེ་ཐེ་ལན་གྱི་དེང་རབས་བཟོ་ལས་ལ་གསར་གཏོད་ཀྱི་གསོན་ཤུགས་བསྣན་ཡོད”ཅེས་བརྗོད་པ་རེད།
ནུས་རྒྱུ་གསར་པའི་རླངས་འཁོར་གསོ་སྦྱོང་ལྟེ་གནས།
“ཐེ་ལན་དེ་ཉིད་ས་ཁོངས་རིམ་པའི་གློག་སྒུལ་རླངས་འཁོར་ཐོན་ལས་ལྟེ་གནས་ཕྱོཌ་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ”
ཐེ་ལན་བྱང་ཤར་གོང་མ་ཚང་རང་བྱུང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་གསོ་སྦྱོང་ལྟེ་གནས་སུ་སློབ་མ་བཅུ་གྲངས་ཁ་ཤས་གློག་སྒུལ་རླངས་འཁོར་ཞིག་གི་འགྲམ་དུ་བསྐོར་ནས་བསྡད་ཡོད། སློབ་མ་ཝ་ཆི་ལ་ཕཱ་ཡིས་ཞིབ་དཔྱད་ཚད་ལེན་ཡོ་བྱད་རླངས་འཁོར་དང་སྦྲེལ་མཐུད་བྱས་མ་ཐག་བརྙན་ཤེལ་ནས་ལྷུ་ལག་ཁག་གི་འཁོར་སྐྱོད་རྣམ་པ་མངོན་ཡོད། ཁོང་གིས་རླངས་འཁོར་ཧྲིལ་པོར་གོ་རིམ་བཞིན་ཞིབ་དཔྱད་ཚད་ལེན་བྱས། “དེ་རིང་གློག་སྒུལ་རླངས་འཁོར་གྱི་བདེ་འཇགས་སྲུང་སྐྱོང་དང་རླངས་འཁོར་ཞིབ་དཔྱད་ཚད་ལེན་སོགས་ཀྱི་ནང་དོན་སློབ་སྦྱོང་བྱས་པ་ཡིན། དངོས་སྦྱོང་དེ་རིགས་ལས་རང་ཉིད་ལ་ལག་རྩལ་ཁོང་དུ་ཆུད་པར་ཕན་ཐོགས་ཆེན་པོ་བྱུང”ཞེས་ཝ་ཆི་ལ་ཕཱ་ཡིས་བརྗོད་པ་རེད།
གསོ་སྦྱོང་ལྟེ་གནས་དེ་ནི་ཀོང་ཀྲོའུ་རླངས་འཁོར་ཀུང་སི་དང་ཐེ་ལན་བྱང་ཤར་གོང་མ་ཚང་རང་བྱུང་བཟོ་སྐྲུན་རིག་པའི་སློབ་ཆེན་དང་། ཐེ་ལན་ཀྲི་ལེ་རྒྱལ་སྤྱིའི་སློབ་གསོ་ཚོགས་པ། ཐེང་ཤུན་བཅས་ཀྱིས་མཉམ་དུ་བསྐྲུན་པ་ཞིག་ཡིན་པ་དང་། དེ་ནི་ཐེ་ལན་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ཤེས་ལྡན་པ་གསོ་སྦྱོང་ལ་རྩེ་གཅིག་ཏུ་གཞོལ་བའི་གསོ་སྦྱོང་ལྟེ་གནས་ཐོག་མ་དེ་རེད། 2024ལོའི་ཟླ་11པར་སྤྱོད་འགོ་ཚུགས་ཚུན་རིམ་རྩིས་བརྒྱབ་ན་ཐེ་ལན་གྱི་སློབ་གྲྭ་ཆེ་མོ་བ་300ལྷག་ཙམ་གསོ་སྦྱོང་བྱས་ཡོད།
ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་ལས་ནི་ཐེ་ལན་གྱི་ལྗང་མདོག་ཕྱོགས་སྒྱུར་གྱི་ཁྱབ་ཁོངས་གལ་ཆེན་ཞིག་རེད། ཐེ་ལན་གྱི“3030”དམིགས་ཚད་ནང་2030ལོར་སླེབས་སྐབས་གློག་སྒུལ་རླངས་འཁོར་གྱི་ཐོན་ཚད་ཀྱིས་རྒྱལ་ཡོངས་ཀྱི་རླངས་འཁོར་ཐོན་ཚད་བསྡོམས་འབོར་གྱི་30%བཟུང་རྒྱུ་ཡིན་པ་བཏོན་ཡོད། ཉེ་བའི་ལོ་ཤས་རིང་། ཨའེ་ཨན་དང་པི་ཡ་ཏི་སོགས་ཀྲུང་གོའི་ནུས་རྒྱུ་གསར་པའི་རླངས་འཁོར་སྤུས་རྟགས་ཐེ་ལན་དུ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་ཀྲུང་གོ་དང་ཐེ་ལན་ཕྱོགས་གཉིས་ཀྱིས་ནུས་རྒྱུ་གསར་པའི་རླངས་འཁོར་ཁྱབ་ཁོངས་ཀྱི་ཤེས་ལྡན་པ་གསོ་སྐྱོང་དང་འཇོན་ཐང་ཆེར་གཏོང་གི་མཉམ་ལས་འཚོལ་ཞིབ་ཧུར་ཐག་བྱེད་བཞིན་ཡོད།
ཐེ་ལན་བྱང་ཤར་གོང་མ་ཚང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་སློབ་སྤྱི་ཀོ་ཤིས·ཤིས་པུའུ་ཐུང་གིས། ནུས་རྒྱུ་གསར་པའི་རླངས་འཁོར་གསོ་སྦྱོང་ལྟེ་གནས་ཀྱིས་སློབ་གྲྭ་དེ་གའི་སློབ་མར་ཁ་ཕྱོགས་པ་ཙམ་མ་ཟད། ད་དུང་ཐེ་ལན་སློབ་གསོ་པུའུ་དང་འགྲིམ་འགྲུལ་པུའུ་དང་མཉམ་ལས་བྱས་ཏེ་རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་ཁོངས་གཏོགས་ཀྱི་ལག་རྩལ་པ་གསོ་སྦྱོང་བྱས་ནས་ཀྲུང་གོའི་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ལག་རྩལ་ཁྱབ་གདལ་གཏོང་རྒྱུ་རེད། “ཐེ་ཀྲུང་གི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་ལས་ཀྱི་མཉམ་ལས་དེ་སློབ་ཁྲིད་དང་། ཚན་ཞིབ། ལག་རྩལ་གཞན་སྒྱུར་བཅས་དང་དེ་བཞིན་ཚོང་ལས་ཅན་གྱི་བཀོལ་སྤྱོད་སོགས་ཀྱི་ཐད་ཁྱབ་ནས་ཐེ་ལན་དེ་ཉིད་ས་ཁོངས་རིམ་པའི་གློག་སྒུལ་རླངས་འཁོར་ཐོན་ལས་ཀྱི་ལྟེ་གནས་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། རྒྱུན་མཐུད་ཆོག་པའི་ཐོན་ལས་རིམ་སྤོར་དང་གསར་གཏོད་འཕེལ་རྒྱས་ཡོང་རྒྱུ་རེད”ཅེས་ངོ་སྤྲོད་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།