ཀྲུང་གོ་དང་ལོ་སིའི་ལྕགས་ལམ་དུ་རྒྱལ་སྤྱིའི་འགྲུལ་སྐྱེལ་མེ་འཁོར་གྱིས་རྒྱལ་སྒྲོལ་འགྲུལ་པ་མི་ཐེངས་ཁྲི་80ལྷག་ཙམ་སྐྱེལ་འདྲེན་བྱས་པ།

འདི་ནི་ཀྲུང་གོ་དང་ལོ་སིའི་རྒྱལ་སྤྱིའི་འགྲུལ་སྐྱེལ་མེ་འཁོར་ཤིས་ཧྲོང་པན་ནཱའི་འབབ་ཚུགས་སུ་ཁ་བཀག་ཡོད་པ།
གསར་འགོད་པར་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ནས་ཤེས་རྟོགས་བྱུང་བར། ཚེས་12ཉིན་བར་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་དུ་རྒྱལ་སྤྱིའི་འགྲུལ་སྐྱེལ་མེ་འཁོར་གྱིས་ལོ་3རིང་རིམ་རྩིས་བརྒྱབ་ན་མེ་འཁོར་ཐེངས་གྲངས་3190ལྷག་ཙམ་བཏང་སྟེ་རྒྱལ་ཁབ་དང་ས་ཁུལ་120ལྷག་ཙམ་ནས་ཡོང་བའི་རྒྱལ་སྒྲོལ་འགྲུལ་པ་མི་ཐེངས་ཁྲི་80ལྷག་ཙམ་སྐྱེལ་འདྲེན་བྱས་པ་རེད།
2023ལོའི་ཟླ་4ཚེས་13ཉིན། ཀྲུང་གོ་དང་ལོ་སིའི་ལྕགས་ལམ་དུ་རྒྱལ་སྤྱིའི་འགྲུལ་སྐྱེལ་མེ་འཁོར་དངོས་སུ་ཤར་གཏོང་ཐུབ་ཅིང་། ལོ་3རིང་སྐྱེལ་འདྲེན་བདེ་འཇགས་དང་། བརྟན་པོ། གོ་རིམ་ལྡན་པ་བཅས་བྱུང་ནས་ཀྲུང་གོ་དང་ལོ་སི་རྒྱལ་ཁབ་གཉིས་པོའི་མི་སྣ་འགྲོ་འོང་དང་། དཔལ་འབྱོར་ཚོང་དོན་མཉམ་ལས། མི་ཆོས་རིག་གནས་སྤེལ་རེས་བཅས་ལ་སྐུལ་འདེད་ནུས་ལྡན་ཐུབ་ཡོད་པ་རེད།
མིག་སྔར། ཁུན་མིང་ནས་ཝན་ཐེན་བར་ཉིན་རེར་རྒྱལ་སྤྱིའི་འགྲུལ་སྐྱེལ་མེ་འཁོར་ཐེངས་གྲངས་4རེ་གཏོང་གི་ཡོད་པ་དང་། མེ་འཁོར་གཏོང་ཐེངས་རེའི་རྒྱལ་སྒྲོལ་འགྲུལ་པའི་སྡོད་ས་མེ་འཁོར་ཤར་གཏོང་ཐུབ་མ་ཐག་པའི་སྐབས་ཀྱི་སྡོད་ས་250ནས་420བར་མང་དུ་སོང་ཡོད། ཁུན་མིང་ནས་ཝན་ཐེན་བར་གྱི་མེ་འཁོར་འཁོར་སྐྱོད་ཀྱི་དུས་ཚོད་ཆུ་ཚོད་9དང་སྐར་མ་36བར་ཐུང་དུ་སོང་བ་དང་མོ་ཧན་ལྕགས་ལམ་འགག་སྒོ་སྒྲོལ་བའི་དུས་ཚོད་ཀྱང་སྐར་མ་50ཡས་མས་བར་ཐུང་དུ་སོང་ཡོད། ད་ལོའི་ཟླ་བ་དང་པོ་ནས་གསུམ་པའི་བར། རྒྱལ་སྤྱིའི་འགྲུལ་སྐྱེལ་མེ་འཁོར་གྱིས་རྒྱལ་སྒྲོལ་འགྲུལ་པ་མི་ཐེངས་ཁྲི་11.2སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་32.4%འཕར་བ་དང་། ཉིན་རེར་ཆ་སྙོམས་རྒྱལ་སྒྲོལ་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་2023ལོ་ལས་ལྡབ་གསུམ་འཕར་ཡོད་པ་རེད།
ཀྲུང་གོ་དང་ལོ་སི་རྒྱལ་ཁབ་གཉིས་ཀྱི་ལྕགས་ལམ་སྡེ་ཚན་གྱིས་མུ་མཐུད་མེ་འཁོར་འབབ་ཚུགས་ཀྱི་ཞབས་ཞུ་ལེགས་སུ་གཏོང་བ་དང་དམངས་ཕན་ཞབས་ཞུའི་བྱ་ཐབས་རབ་དང་རིམ་པ་འདོན་རྒྱུ་ཡིན་ཞིང་། ལམ་རྒྱུད་ཀྱི་མེ་འཁོར་འབབ་ཚུགས་དང་མེ་འཁོར་ཐོག་སྐད་རིགས་མང་བའི་སྐད་སྒྱུར་སྒྲིག་ཆས་སྒྲིག་སྦྱོར་བྱས་ཏེ། རྒྱ་སྐད་དང་། ལོ་སིའི་སྐད། དབྱིན་སྐད་སོགས་ཀྱི་རྒྱང་བསྒྲགས་དང་ཁྲིད་སྟོན་གྱི་ཞབས་འདེགས་ཞུ་རྒྱུ་མ་ཟད། ཁྲག་ཤེད་འཇལ་ཆས་སོགས་དམངས་ཕན་སྒྲིག་ཆས་ཀྱང་བཀོད་སྒྲིག་བྱ་རྒྱུ་ཡིན་པ་རེད།
ལོ་3རིང་། རྒྱལ་སྒྲོལ་ཡུལ་སྐོར་བ་ཁྲི་80ལྷག་ཙམ་མེ་འཁོར་ལ་བསྡད་པ་དེས་ལམ་རྒྱུད་ཀྱི་མཛེས་ལྗོངས་ཁུལ་དང་། མགྲོན་ཁང་། བཟའ་བཏུང་སོགས་ཐོན་ལས་ཐད་འཛད་སྤྱོད་བྱེད་ཚད་35%ལྷག་ཙམ་འཕར་བར་སྐུལ་ཁྲིད་ཐུབ་པ་མ་ཟད། དམིགས་བསལ་ཁྱད་ཆོས་ལྡན་པའི་རྒྱལ་སྒྲོལ་ཡུལ་སྐོར་དཔལ་འབྱོར་ཁུལ་ཞིག་གྲུབ་ཡོད། ཡུན་ནན་གྱི་ཤིས་ཧྲོང་པན་ནཱའི་ཏའེ་རིགས་རང་སྐྱོང་ཀྲོའུ་ཡི་ཡུལ་སྐོར་ཁྲོམ་ར་མངོན་གསལ་དོད་པོས་འཁྲུག་ཏུ་སོང་བ་དང་། 2025ལོར་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མི་ཐེངས་ཁྲི་67.41ལ་སྣེ་ལེན་ཞུས་པར་ཡུལ་སྐོར་གྱི་ཕྱི་དངུལ་ཡོང་འབབ་ཨ་སྒོར་དུང་ཕྱུར་4.41ཟིན་པ་དེ་དུས་མཚུངས་ལས་110%ལྷག་ཙམ་འཕར་ཡོད། 2025ལོར་མོ་ཧན་ལྕགས་ལམ་འགག་སྒོར་ཐོངས་མཆན་འགོད་མི་དགོས་པའི་དབང་གིས་ཕྱི་རྒྱལ་གྱི་ཡུལ་སྐོར་བ་དུས་མཚུངས་ལས་48%མང་དུ་སོང་ཡོད། ལོ་སིའི་ཝན་ཐེན་དང་། ལང་པོ་ལཱ་པང་། ཝན་རུང་སོགས་གྲོང་ཁྱེར་གྱི་ཡུལ་སྐོར་བ་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།