དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་དབྱང་ཐའེ་དབན་ལས་དོན་གཞུང་དོན་ཁང་གི་དབང་བསྐུར་ལྟར་ངོགས་གཉིས་ཀྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱ་ཐབས་ཁག་བཅུ་ཡོངས་བསྒྲགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-04-15

    ཀྲུང་གུང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གདན་ཞུས་ལྟར་ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞི་ཀྲེང་ལི་ཝུན་གྱིས་ཚོགས་པའི་སྣེ་ཁྲིད་དེ་ཟླ་4ཚེས་7ནས་12ཉིན་བར་སྐམ་ས་ཆེན་པོར་འཚམས་འདྲི་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུའུ་ཞི་ཀྲེང་ལི་ཝུན་དང་མཇལ་འཛོམས་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ནས་ཏང་གཉིས་པོ་དང་ངོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་གནང་ཡོད། ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་སྤུན་ཟླའི་བརྩེ་བ་ཟབ་ཏུ་དང་བདེ་རྩ་ཆེ་རུ་གཏོང་ཆེད། འབྲེལ་ཡོད་སྡེ་ཚན་དང་གྲོས་བསྡུར་བྱས་པ་བརྒྱུད་ཀྲུང་གུང་ཀྲུང་དབྱང་ཐའེ་དབན་ལས་དོན་གཞུང་དོན་ཁང་གི་དབང་བསྐུར་ལྟར་གཤམ་གསལ་གྱི་སྲིད་ཇུས་བྱ་ཐབས་ཁག་ཡོངས་བསྒྲགས་བྱས་པ་སྟེ།

    གཅིག གོ་མིན་ཏང་དང་གུང་ཁྲན་ཏང་གཉིས་པོའི་དབར་རྒྱུན་རྣམ་ཅན་གྱི་འབྲེལ་གཏུག་ལམ་སྲོལ་འཚོལ་ཞིབ་བྱས་ནས་འཛུགས་རྒྱུ་དང་། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་གོ་མིན་ཏང་གིས“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”མཐའ་འཁྱོངས་དང“ཐའེ་དབན་རང་བཙན”ལ་ངོ་རྒོལ་བྱེད་པའི་ཐུན་མོང་གི་ཆབ་སྲིད་རྨང་གཞིའི་ཐོག“ངོགས་གཉིས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”འདུ་ཤེས་མཐའ་འཁྱོངས་བྱེད་པ་དང་། ངོགས་གཉིས་ཀྱི་སྤུན་ཟླས་ཞི་བདེ་དང་། འཕེལ་རྒྱས། སྤེལ་རེས། མཉམ་ལས་བཅས་བྱེད་པའི་ཐུན་མོང་གི་བསམ་འདུན་དང་བསྟུན་པ། བྱ་ཐབས་དེ་བས་ནུས་ལྡན་སྤྱད་དེ་ངོགས་གཉིས་དབར་གྱི་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་ལ་སྐུལ་འདེད་ཧུར་ཐག་གཏོང་བ། ངོགས་གཉིས་ཀྱི་སྤུན་ཟླ་དང་ལག་གདང་སྦྲེལ་ནས་ཀྲུང་ཧྭ་མི་རིགས་ཀྱི་བདེ་རྩ་སྐྲུན་པ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཀྱི་བཀྲག་མདངས་གསར་པ་མུ་མཐུད་གཏོད་རྒྱུ།

    གཉིས། གོ་མིན་ཏང་དང་གུང་ཁྲན་ཏང་གཉིས་པོའི་གཞོན་ནུའི་ཕྱོགས་གཉིས་སྤེལ་རེས་ལམ་སྲོལ་ཅན་གྱི་ལས་སྟེགས་འཛུགས་རྒྱུ་དང་། རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་དང་གོ་མིན་ཏང་གཞོན་ནུའི་ལས་དོན་འཕེལ་རྒྱས་ཨུ་ལྷན་གྱིས་དུས་བཀག་ལྟར་ངོགས་གཉིས་ཀྱི་གཞོན་ནུའི་སྤེལ་རེས་བྱེད་སྒོ་སྤེལ་རྒྱུ། རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་སོགས་སྐམ་ས་ཆེན་པོའི་འབྲེལ་ཡོད་ཚན་པས་ལོ་ལྟར་གླིང་ཕྲན་གྱི་གཞོན་ནུ་ཚོགས་པ་20སྐམ་ས་ཆེན་པོར་སྤེལ་རེས་དང་འཚམས་འདྲིར་གདན་ཞུ་བྱ་རྒྱུ།

    གསུམ། ཧྥུའུ་ཅན་མཚོ་རྒྱུད་ས་ཁུལ་གྱིས་ཆ་རྐྱེན་འཛོམས་པའི་གནས་ཚུལ་འོག་ཅིན་མོན་དང་མཱ་ཙུའུ་ཕྱོགས་ལ་ཆུ་དང་། གློག སོལ་རླངས་བཅས་མཁོ་འདོན་དང་ཟམ་པ་ཤར་གཏོང་བྱ་རྒྱུར་སྐུལ་འདེད་བཏང་ནས་ཅིན་མོན་དང་མཱ་ཙུའུ་ཡི་དམངས་ཚོགས་ཀྱི་ཁེ་ཕན་དང་བདེ་རྩ་ཆེ་རུ་གཏོང་རྒྱུ།

    བཞི། ངོགས་གཉིས་དབར་གྱི་མཁའ་ཐོག་འགྲུལ་སྐྱེལ་ཐད་གཏོང་རྒྱུན་ལྡན་ཅན་ཕྱོགས་ཡོངས་ནས་སླར་གསོ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ངོགས་གཉིས་ཀྱི་མི་སྣ་འགྲོ་འོང་ལ་སྔར་བས་སྟབས་བདེ་སྐྲུན་རྒྱུ་དང་། ཝུའུ་ལུའུ་མུའུ་ཆི་དང་། ཤིས་ཨན། ཧར་པིན། ཁུན་མིང་། ལན་ཀྲོའུ་སོགས་གྲོང་ཁྱེར་གྱི་ངོགས་གཉིས་ཀྱི་དུས་གཏན་གནམ་གྲུ་གང་མགྱོགས་སླར་གསོ་ཡོང་བར་རྒྱབ་སྐྱོར་བྱ་རྒྱུ། ཅིན་མོན་གྱིས་ཞ་མོན་གྱི་གནམ་ཐང་གསར་པ་མཉམ་སྤྱོད་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ།

    ལྔ། “གོ་གཉིས་ལོའི་ཐུན་མོང་ངོས་འཛིན”མཐའ་འཁྱོངས་དང“ཐའེ་དབན་རང་བཙན”ལ་ངོ་རྒོལ་བྱེད་པའི་ཆབ་སྲིད་ཀྱི་རྨང་གཞིའི་ཐོག་འབྲེལ་གཏུག་ལམ་སྲོལ་བཙུགས་ནས་ཞིབ་དཔྱད་ནད་བཤེར་གྱི་ཚད་གཞི་དང་མཐུན་པའི་ཐའེ་དབན་གྱི་ཞིང་ལས་དང་ཉ་ལས་ཐོན་རྫས་སྐམ་ས་ཆེན་པོར་གཏོང་བར་སྟབས་བདེ་སྐྲུན་རྒྱུ་དང་། ཐའེ་དབན་གྱི་ཞིང་ལས་དང་ཉ་ལས་ཐོན་རྫས་སྐམ་ས་ཆེན་པོའི་རིགས་ཁག་གི་འགྲེམས་ཚོང་དང་འབྲེལ་སྦྱོར་ཚོགས་འདུར་ཞུགས་པར་རྒྱབ་སྐྱོར་བྱས་ཏེ་བྲིན་ཚོང་ཐབས་ལམ་རྒྱ་སྐྱེད་གཏོང་རྒྱུ།

    དྲུག ཐའེ་དབན་དང་འབྲེལ་བ་ཡོད་པའི་ཉ་ལས་འཇུག་འཐུས་དོ་དམ་འཐུས་སྒོ་ཚང་དུ་བཏང་ནས་ཆ་རྐྱེན་འཛོམས་པའི་ས་ཁུལ་དུ་ཐའེ་དབན་ས་ཁུལ་གྱི་མཚོ་ཐོག་རྒྱང་སྐྱོད་ཉ་གྲུ་ཁ་བཀག་སའི་གྲུ་ཁ་དང་ཉ་རིགས་འཚོང་སའི་གྲུ་ཁ་འཛུགས་རྒྱུར་ཞིབ་འཇུག་བྱ་རྒྱུ་དང་། ཐའེ་དབན་གྱི་མཚོ་ཐོག་རྒྱང་སྐྱོད་ཀྱིས་བཟུང་བའི་ཉ་རིགས་སྐམ་ས་ཆེན་པོར་འཚོང་བར་སྟབས་བདེ་སྐྲུན་པར་ཞིབ་འཇུག་བྱ་རྒྱུ།

    བདུན། བླང་བྱ་དང་མཐུན་པའི་ཐའེ་དབན་གྱི་བཟའ་བཅའ་ཐོན་སྐྱེད་ཁེ་ལས་སྐམ་ས་ཆེན་པོར་ཐོ་འགོད་དང་ཐའེ་དབན་གྱི་བཟའ་བཅའ་སྐམ་ས་ཆེན་པོར་གཏོང་བར་སྟབས་བདེ་སྐྲུན་རྒྱུ།

    བརྒྱད། ཆ་རྐྱེན་འཛོམས་པའི་ས་ཆར་ཐའེ་དབན་ལ་ཕྱོགས་པའི་འབོར་ཉུང་ཚོང་ཟོག་ཉོ་ཚོང་ཁྲོམ་ར་གསར་པ་སྐྲུན་པར་ཞིབ་འཇུག་བྱས་ནས་ཐའེ་དབན་གྱི་ཁེ་ལས་འབྲིང་གྲས་དང་ཕྲན་ཚེགས་ཁེ་ལས་ཀྱིས་ཁྲིམས་སྲོལ་དང་སྒྲིག་སྲོལ་ལྟར་སྐམ་ས་ཆེན་པོའི་ཁྲོམ་ར་རྒྱ་སྐྱེད་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ།

    དགུ། སྟོན་ཕྱོགས་ཡང་དག་དང་། ནང་དོན་སྐྱོན་བྲལ། སྒྲིག་བཟོ་སྤུས་ལེགས་བཅས་ཀྱི་ཐའེ་དབན་གྱི་བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན་དང་། དངོས་མཚོན་པར་གཞི། འགུལ་རིས་གློག་བརྙན་བཅས་སྐམ་ས་ཆེན་པོའི་སྲུང་སྐར་འཕྲིན་ལམ་དང་དྲ་རྒྱའི་ལྟ་ཉན་ལས་སྟེགས་སུ་སྟོན་རྒྱུར་ནང་འདྲེན་བྱེད་ཆོག་པ་དང་། ཐའེ་དབན་གྱི་ལས་གཉེར་པས་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་སྐམ་ས་ཆེན་པོའི་འཁྲབ་ཚན་ཐུང་ངུའི་གསར་རྩོམ་ནང་ཞུགས་ཆོག་པ། ངོགས་གཉིས་ཀྱི་བརྩེ་བ་དང་བདེ་སྐྱིད་ལྡན་པའི་འཚོ་བ་མངོན་པར་ཕན་ཐོགས་ཡོད་པའི་གློག་བརྙན་དང་བརྙན་འཕྲིན་གྱི་རིག་གནས་བརྩམས་ཆོས་ངོགས་གཉིས་སུ་སྟོན་རྒྱུར་སྐུལ་འདེད་བཏང་ནས་ཀྲུང་ཧྭའི་རིག་གནས་སྲུང་སྐྱོང་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ།

    བཅུ། ཧྲང་ཧའེ་གྲོང་ཁྱེར་དང་དེ་བཞིན་ཧྥུའུ་ཅན་ཞིང་ཆེན་གྱི་ཡུལ་མི་ཐའེ་དབན(གླིང་ཕྲན་དེ་ག)དུ་མི་སྒེར་ཡུལ་སྐོར་དུ་སྐྱོད་པའི་ཚོད་ལྟ་སླར་གསོ་བྱེད་པར་སྐུལ་འདེད་གཏོང་རྒྱུ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།