ཁྱིམ་གསར་འཛུགས་སྐྲུན་ཧུར་ཐག་བྱེད། མཛེས་མཐུན་གྲོང་གསེབ་མཉམ་དུ་གཏོད།
—— སྣང་རྫོང་གིས“ཁྲི་སྟོང་ལས་གྲྭའི”ཉམས་མྱོང་ལག་བསྟར་གཏིང་ཟབ་བྱས་ནས་ས་མཐོའི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ།
དུས་ཡུན་རིང་པོའི་ནང་། སྣང་རྫོང་གི་ཞིང་འབྲོག་མང་ཚོགས་ཀྱི་སྡོད་ཁང་མང་ཆེ་བ་རྡོ་རྩིག་ཡིན་པས། ཡོམ་འགོག་གི་རིམ་པ་དམའ་བ་དང་ཆ་ལག་ཆ་ཚང་པོ་མེད་པ་སོགས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཆེན་པོ་ཡོད། དམངས་འཚོའི་དཀའ་གནད་དག་ཐག་གཅོད་ཡག་པོ་བྱ་ཆེད། སྣང་རྫོང་གིས་ཀྲེ་ཅང་གི“གྲོང་ཚོ་སྟོང་གི་དཔེ་སྟོན་དང་གྲོང་ཚོ་ཁྲི་ལ་བཅོས་སྒྲིག”གི་ལས་གྲྭའི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་ཡག་པོ་བྱས་ཏེ། 2022ལོར་ས་མཐོའི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་གྱི་བརྒྱུད་རིམ་ལྡན་པའི་ལས་གྲྭ་ལག་ལེན་བསྟར་བ་དང་། གྲོང་གསེབ་ཀྱི་སྡོད་ཁང་སྒྱུར་བཀོད་བྱ་རྒྱུ་དེ་འགག་གནད་སྒྲོལ་སར་བརྩིས་ནས་ཞིང་འབྲོག་མང་ཚོགས་ཀྱི་བྱེད་པོའི་གནས་བབ་བརྟན་པོར་བསྲུངས་ཏེ། ཁག་ཐེངས་དང་ལོ་འཁོར་དབྱེ་ནས་གནས་སྡོད་ལས་འཚམ་དང་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་བ་ལས། ས་གནས་དེ་གའི་དོན་དངོས་དང་འཚམ་པ་དང་དྲོད་ཚད་དང་མྱུར་ཚད་ལྡན་པའི་གྲོང་གསེབ་དར་རྒྱས་ཀྱི་ཐབས་ལམ་གསར་པ་ཞིག་བཏོད་ཡོད།
“སྣང་རྫོང་གི་མྱུར་ཚད”ལས་མང་ཚོགས“སྡོད་ ཁང་ཡག་པོར”སྔ་ཙམ་སྡོད་རྒྱུ་བྱུང་བ།
2022ལོར། སྣང་རྫོང་གིས་སྔོན་ལ་ལྡེམ་མོ་ཤང་འབུམ་མདའ་གྲོང་ཚོ་དང་གྲོང་མདའ་གྲོང་རྡལ་ལིང་གུག་གྲོང་ཚོར་ཚོད་ལྟ་བྱེད་འགོ་ཚུགས་པས་དུད་ཚང་65ཡི་མི་301ལ་ཕན་པ་ཐོབ་ཡོད། 2023ལོར། གྲོང་མདའ་གྲོང་རྡལ་སྤྲོ་ཁང་གྲོང་ཚོ་དང་ལིང་གུག་གྲོང་ཚོའི་ཁུག་གྲང་ཚོགས་ཆུང་དུ་སྒྱུར་བཀོད་ཁྱབ་ཁོངས་རྒྱ་སྐྱེད་བཏང་བར་དུད་ཚང་64ཡི་མི་271ལ་ཁྱབ་ཡོད། 2024ལོར། བཅོས་སྒྲིག་རྣམ་གྲངས་ཁག་དང་པོ་དང་གཉིས་པར་སྡེབ་གཅིག་ཏུ་སྐུལ་འདེད་བཏང་བ་དང་ཁྱོན་མ་དངུལ་སྒོར་ཁྲི་4209.45བཏང་བར་གྲོང་ཚོ་9ཡི་དུད་ཚང་312དང་མི་1330ལ་ཁྱབ་ཡོད། ཁྱོན་མ་དངུལ་སྒོར་ཁྲི་3250.61བཏང་བའི་2024ལོའི་རྣམ་གྲངས་ཁག་གསུམ་པ་དེ་2025ལོའི་ཟླ་3པར་ལས་འགོ་ཚུགས་པ་དང་ཟླ་11པར་ལས་མཇུག་བསྒྲིལ་ཞིང་། གྲོང་ཚོ་5ཡི་དུད་ཚང་243དང་མི1029ལ་ཁྱབ་ཡོད། མིག་སྔར། ཁྱོན་མ་དངུལ་སྒོར་ཁྲི་1791.62བཏང་བའི་2025ལོའི“ཁྲི་སྟོང་ལས་གྲྭ”ཡི་ཞིང་པའི་སྡོད་ཁང་བཅོས་སྒྲིག་རྣམ་གྲངས་ལ་སྐུལ་འདེད་བརྟན་པོ་གཏོང་བཞིན་ཡོད་པ་དང་ལས་གྲྭ་ལེགས་སྒྲུབ་བྱེད་ཚད་90%ཟིན་ནས་གྲོང་ཚོ་4ཡི་དུད་ཚང་130དང་མི་565ལ་ཁྱབ་ཡོད། སྔོན་དཔག་བྱས་ན་རྣམ་གྲངས་ཧྲིལ་པོ་2026ལོར་ཕྱོགས་ཡོངས་ནས་ལེགས་གྲུབ་ཐུབ་སྟེ་རྫོང་ཡོངས་ཀྱི་ཞིང་འབྲོག་པའི“སྡོད་ཁང་ཡག་པོའི”དམིགས་ཚད་མངོན་འགྱུར་ཐུབ་རྒྱུ་རེད།
“སྣང་རྫོང་གི་དྲོད་ཚད”ཀྱིས་མང་ཚོགས་ཀྱི་འདོད་བློ་ཨང་དང་པོར་བཞག་པ།
ལས་གྲྭར་སྐུལ་འདེད་གཏོང་བའི་རྒྱབ་ཏུ“མང་ཚོགས་ཀྱི་འདོད་བློ་དང་ཡུལ་བབ་དང་བསྟུན་པའི”འདུ་ཤེས་ཀྱི་འདེགས་སྐྱོར་ཡོད་པས། དེ་ལས“སྣང་རྫོང་གི་དྲོད་ཚད”གང་ལེགས་མངོན་ཡོད། སྡོད་ཁང་སྒྱུར་བཀོད་དེ་མང་ཚོགས་ཀྱི་དགོས་མཁོ་དང་དངོས་སུ་འཚམ་པ་ཡོང་ཆེད། སྣང་རྫོང་དུ་ཤང་དང་གྲོང་རྡལ་ཁག་གིས་སྣེ་ཁྲིད་དང་རྫོང་འཕེལ་སྒྱུར་ཨུ་ལྷན་དང་། སྡོད་ཁང་འཛུགས་སྐྲུན་ཅུས། གྲོང་གསེབ་དར་རྒྱས་ཅུས་སོགས་སྡེ་ཚན་དང་མཐུན་སྦྱོར་བྱས་ཏེ་ཆེད་དོན་ལས་སྒྲུབ་ཚན་ཁག་བཙུགས་པ་དང་རིམ་རྩིས་བརྒྱབ་ན། དུད་ཚང་800ལྷག་ཙམ་ལ་མཐིལ་རྟོགས་བརྟག་དཔྱད་བྱས་ཏེ་མང་ཚོགས་ཀྱི་རེ་འདུན་གང་ལེགས་ཉན་པ་དང་མང་ཚོགས་ལ་རང་འགུལ་ངང་མ་དངུལ་གཏོང་བ་དང་ངལ་རྩོལ་བྱེད་པར་ཁྲིད་སྟོན་བྱས་པ་རེད།
“ང་ཚོས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་འདོད་བློ་ཨང་དང་པོར་བཞག་སྟེ། སྲིད་ཇུས་དང་ཇུས་གཞི་མང་ཚོགས་ལ་ཁྱབ་གདལ་བཏང་ནས། བདེ་འཇགས་ཀྱི་དགོས་ངེས་རང་བཞིན་གསལ་པོར་བཤད་པ་མ་ཟད། ཁེ་ཕན་གྱི་རྩིས་ཀྱང་ཡག་པོ་བརྒྱབ་ནས་མང་ཚོགས་རྣམས་ལས་གྲྭ་འཛུགས་སྐྲུན་གྱི་བདག་པོར་བསྒྱུར་ཡོད”ཅེས་སྣང་རྫོང་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་ཏང་ཙུའུ་ཡི་ཁོངས་མི་དང་ཅུས་ཀྲང་གཞོན་པ་ཝང་རུའེ་ཞུའེ་ཡིས་ངོ་སྤྲོད་བྱས་པ་དང་། ཁོང་གིས། མིག་སྔའི་བར་དུ་སྒྱུར་བཀོད་རྣམ་གྲངས་ཚང་མར་མང་ཚོགས་རང་མོས་ངང་ཞུགས་ཚད་100%ཟིན་ནས་འབྲེལ་གཏུག་ཡག་པོ་མ་བྱུང་བའི་འགལ་བའི་གནད་དོན་ཐོན་མེད་ཅེས་བརྗོད་པ་རེད།
“སྣང་རྫོང་གི་སྟོབས་ཤུགས”སྣ་ཚོགས་གཅིག་སྒྲིལ་བྱས་པས་མང་ཚོགས་ཉེ་འགྲམ་དུ་ལས་ཞུགས་ཐུབ་པ།
སྡོད་གནས་ཀྱི་ཆ་རྐྱེན་ལེགས་སུ་གཏོང་བ་དང་ཆབས་ཅིག སྣང་རྫོང་གིས་ཀྱང་མང་ཚོགས་ཀྱི་འཕེལ་རྒྱས་འཇོན་ཐང་ཆེ་རུ་གཏོང་བར་མཐོང་ཆེན་བྱས་པས། མང་ཚོགས་ལ་ཡོང་འབབ་བྱུང་བ་དང་བསམ་པའི་རིག་གནས་ཀྱང་ཕུན་སུམ་ཚོགས་སུ་སོང་ཡོད། ཞིང་ལས་དང་གྲོང་གསེབ་པུའུ་ཡིས་དམིགས་འཛུགས་རོགས་སྐྱོར་གྱི་གོ་སྐབས་ལ་བརྟེན་ནས་སྣང་རྫོང་གིས་རིགས་སྣ་ཚོགས་ཀྱི་གསོ་སྦྱོང་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ། སྡོད་ཁང་སྒྱུར་བཀོད་དང་གྲོང་གསེབ་འཛུགས་སྐྲུན་གྱི་དགོས་མཁོར་དམིགས་ནས། ཤིང་བཟོ་དང་། ཨར་རྒྱག ཆུ་གློག་ཁྲིད་པ་སོགས་ཁྱབ་ཁོངས་སུ་ཞིང་འབྲོག་པར་རྩལ་ནུས་གསོ་སྦྱོང་བྱས་ཡོད། གྲོང་མདའ་གྲོང་རྡལ་གྱིས“ཡོད་པ་ལྔའི”ཞིང་པའི་སྡོད་ཁང་སྒྱུར་བཀོད་ཞབས་ཞུའི་མ་ལག་བཙུགས་ནས་གཅིག་གྱུར་མཛུབ་ཁྲིད་དང་། གཅིག་གྱུར་དོ་དམ། གཅིག་གྱུར་ཞབས་ཞུ་བཅས་ཀྱི“གཅིག་གྱུར་འཆར་འགོད་རང་སྐྲུན”བྱེད་སྟངས་ལག་བསྟར་བྱས་པས། གྲོང་གསེབ་སྡོད་ཁང་གི་ཡོམ་འགོག་རིམ་པ་མཐོ་རུ་ཕྱིན་པ་མ་ཟད། མང་ཚོགས་ཉེ་འགྲམ་དུ་ངལ་ནུས་ཕྱིར་གཏོང་ཐུབ་ཡོད།
གྲོང་མདའ་གྲོང་རྡལ་གྱི་ཀྲེན་ཀྲང་གཞོན་པ་ཟླ་བ་ཚེ་རིང་གིས། “གྲོང་མདའ་གྲོང་རྡལ་གྱིས‘གཅིག་གྱུར་འཆར་འགོད་རང་སྐྲུན’བརྒྱུད། གྲོང་རྡལ་ཡོངས་ཀྱི་མི་240ལྷག་ཙམ་ངལ་ནུས་གཞན་སྒྱུར་བྱས་པར་ངལ་ནུས་ཡོང་འབབ་སྒོར་ཁྲི་960ལྷག་ཙམ་རག་པ་མ་ཟད། ད་དུང་ལག་རྩལ་སྣ་གཅིག་ཀྱང་ཤེས་ཡོད། མིག་སྔར། གྲོང་མདའ་གྲོང་རྡལ་དུ་ཞིང་པའི་སྡོད་ཁང་སྒྱུར་བཀོད་སྔོན་ལ་ལེགས་གྲུབ་བྱུང་སྟེ‘གཅིག་གྱུར་འཆར་འགོད་རང་སྐྲུན’གྲོང་རྡལ་ཡོངས་ལ་ཁྱབ་པ་དང་། སྲིད་འཛིན་གྲོང་ཚོ་8ཀྱི་སྒྱུར་བཀོད་རྣམ་གྲངས་ལེགས་སྒྲུབ་ཟིན་ནས། དུད་ཚང་432ཀྱི་མི་1919ལ་ཕན་པ་ཐོབ་པ། རིམ་རྩིས་བརྒྱབ་ན། ཁ་གསབ་མ་དངུལ་སྒོར་ཁྲི་5756སྤྲད་པ། སྲིད་འཛིན་གྲོང་ཚོ་6གི་མང་ཚོགས་སྡོད་ཁང་གསར་པར་སྤོ་ཐུབ་པ་བྱུང་ཡོད”ཅེས་བརྗོད་པ་རེད།
མིག་སྔའི་བར། སྣང་རྫོང་གི“ཁྲི་སྟོང་ལས་གྲྭའི”འབྲེལ་ཡོད་ཞིང་པའི་སྡོད་ཁང་སྒྱུར་བཀོད་རྣམ་གྲངས་གྲོང་ཚོ་དང་ཚོགས་ཆུང་25ལ་ཁྱབ་པ་དང་། དུད་ཚང་1029ཡི་མི་4246ལ་ཕན་པ་ཐོབ་པ། རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་ཁྲི་22500.4བཏང་བས་གྲོང་གསེབ་ཏུ་སྡོད་ཁང“ཡོད་པ་དང་མེད་པ”ནས“ཡག་པོ་ཡོད་མེད”བར་འགྱུར་ལྡོག་བྱུང་ཡོད། རྡོ་རྩིག་གི་ཁང་པ་རྙིང་པ་ནས་བོད་བཟོ་དང་དེང་རབས་ཅན་གྱི་ནུས་པ་གཉིས་ལྡན་གྱི་སྡོད་ཁང་གསར་པའི་བར་དང་། “སྡོད་ཁང་ཞན་པོ”ནས“སྡོད་ཁང་ཡག་པོའི”བར་གྱི་འཕོ་འགྱུར་ནི་སྣང་རྫོང་གི“ཁྲི་སྟོང་ལས་གྲྭའི”དམངས་འཚོའི་རྒྱུགས་ལན་ཞིག་ཡིན་པ་མ་ཟད། ས་མཐོའི་གྲོང་གསེབ་དར་རྒྱས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་དངོས་ཤིག་དེ་བས་ཀྱང་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།