དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བོད་ཤར་རི་གྲོང་དུ་ཁེ་སྤོགས་བགོས་པའི་གཏམ་རྒྱུད།

    —— སྤྱང་ངེ་གྲོང་ཚོའི“4411”བྱ་ཐབས་ལས་ཡུལ་མིར་ཁེ་སྤོགས་མང་པོ་རག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-15

    འདི་ནི་ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་གི“སྤྱང་ངེ་གྲོང་ཚོའི་རིག་གནས་དང་ཡུལ་སྐོར་ཟ་ལས་སྒར་སའི”དབྱར་དུས་ཀྱི་ལས་གཉེར་རྣམ་པ་ཡིན་པ།

    ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་རི་བོ་ཆེ་གྲོང་རྡལ་སྤྱང་ངེ་གྲོང་ཚོར་སྐྱོད་སྐབས། ཕྲུ་གུ་ཚོ་རྩེད་འཇོར་རོལ་བ་དང་ཁྱིམ་ཚང་ཚང་མར་དགའ་སྤྲོའི་རྣམ་པས་ཁེངས། ད་ལོ་ཡུལ་མི་ཚོ་དགའ་སྤྲོ་རབ་ཏུ་འཁོལ་དོན་ནི་ཁེ་སྤོགས་ལྗིད་ཏིག་ཏིག་ཡོད་པས་རེད།

    “གྲོང་ཚོའི་སྒར་སའི་རྣམ་གྲངས་ལ་བརྟེན་ནས་ང་ཚོའི་ཁྱིམ་ལ་ཁེ་སྤོགས་རག་པ་མ་ཟད། ཕྲུ་གུ་ཡང་གྲོང་ཚོར་ལས་ཀར་ཞུགས་ཡོད”ཅེས་ཡུལ་མི་པད་མ་བསོད་ནམས་ཀྱིས་རག་མ་ཐག་པའི་ཁེ་སྤོགས་རྩིས་རྒྱག་ཞོར་དུ་འཛུམ་དམུལ་དམུལ་ངང་གསར་འགོད་པར་བཤད། ཁོང་གི་བུ་མོ་ཡེ་ཤེས་སྒྲོལ་དཀར་དེ་སྔ་གྲོང་ཁྱེར་དུ་ལས་ཀ་བྱེད་ཀྱི་ཡོད་པ་དང་། ད་ཆ“སྤྱང་ངེ་གྲོང་ཚོའི་རིག་གནས་དང་ཡུལ་སྐོར་ཟ་ལས་སྒར་སར”ལོག་ནས་ཞབས་ཞུ་མ་བྱས་པར་ཟླ་རེར་གླ་ཆ་སྒོར་5000ཡོད་པས། ནང་མི་ཚང་མ་མཉམ་འཛོམས་བྱུང་བའི་ཁར་འབབ་འཕར་ཡང་བྱུང་ཡོད།

    པད་མ་བསོད་ནམས་ཀྱི་ཁྱིམ་ལ་ཕན་པ་མང་པོ་ཐོབ་པའི་སྒར་ས་དེ་ནི་སྤྱང་ངེ་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གིས་ཡུལ་མི་ཚོར་བཏོད་པའི་ཕྱུག་འགྱུར་ལམ་བུ་གསར་པ་ཞིག་རེད།

    སྔོན་ཆད་སྤྱང་ངེ་གྲོང་ཚོ་ནི་ས་མཐོའི་གྲོང་ཚོ་མང་པོ་དང་འདྲ་བར་སྔོ་ཞིང་དྭངས་བའི་རི་ཆུ་ཀླུང་གསུམ་ཡོད་རུང་འབབ་འཕར་ཐབས་ལམ་ཇི་ལྟར་གཏོད་དགོས་མིན་ཤེས་ཀྱི་མེད། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཞན་པ་དང་འབབ་འཕར་ཐབས་ལམ་དོག་པ་དེ་གྲོང་སྡོད་ལས་དོན་རུ་ཁག་ལ་འཕྲད་པའི“རྙིང་ཆེ་དཀའ་གསུམ”གྱི་གནད་དོན་དུ་གྱུར་ཡོད།

    2025ལོའི་ཟླ་5པར། སྤྱང་ངེ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་བརྟག་ཞིབ་གཏིང་ཟབ་བྱས་པ་དང་ཕྱོགས་མང་པོ་དང་མཐུན་སྦྱོར་བྱས་ཏེ་གྲོང་གསེབ་དར་རྒྱས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་གོ་སྐབས་ལ་དམ་འཛིན་བྱས་ནས་ཕྱོགས་གསུམ་པས་སླར་ཡང་གཉེར་སྐྱོང་བྱ་རྒྱུ་བཀུག་སྟེ་སྔར་ཡོད་ཀྱི“སྤྱང་ངེ་གྲོང་ཚོའི་རིག་གནས་དང་ཡུལ་སྐོར་ཟ་ལས་སྒར་སའི”རྣམ་གྲངས་སླར་ཡང་གཉེར་སྐྱོང་བྱེད་འགོ་བཙུགས་ཤིང་། བྱེད་ཐབས་ཡག་པོ་སྤྱད་པར་བརྟེན་དེ་གར་ཡུལ་སྐོར་བ་གཅིག་རྗེས་གཉིས་མཐུད་ངང་ཡོང་བའི“དྲ་ཐོག་མིང་ཅན”དུ་གྱུར་ཡོད།

    རྣམ་གྲངས་སླར་ཡང་གཉེར་སྐྱོང་བྱེད་རིང་། གྲོང་སྡོད་ལས་དོན་རུ་ཁག་གིས་བསམ་ཕྱོགས་གསར་གཏོད་བྱས་ནས་དུད་ཚང་53གྱི་ཡུལ་མི་རྩྭ་རའི་ཐོན་ཁུངས་ལ་བརྟེན་ནས་མ་རྐང་ནང་ཞུགས་པར་ཁྲིད་སྟོན་བྱས་ཏེ་ཐོན་ཁུངས་རྒྱུ་ནོར་ལ་བསྒྱུར་པ་དང་ཡུལ་མི་རྐང་མིར་བསྒྱུར་ཡོད། ཡུལ་མིའི་ཚོགས་ཆེན་ཐོག་མཉམ་དུ་གྲོས་བསྡུར་བྱས་པ་བརྒྱུད། ཐུན་མིན་ཁྱད་ཆོས་ལྡན་པའི“4411”ཁེ་སྤོགས་བགོ་བཤའ་རྒྱག་སྟངས་ཆ་ཚང་ཞིག་ཆགས་པ་སྟེ། 40%མ་རྐང་འཇོག་མཁན་དུད་ཚང་ལ་བགོས་པ་དང་། 40%གྲོང་ཚོ་ཡོངས་ཀྱི་ཡུལ་མི་555ལ་བགོས་པ། 10%དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རོགས་དངུལ་ལ་སྤྱད་པ། 10%ཐོན་ལས་འཕེལ་རྒྱས་ཀྱི་ཁ་གསབ་དངུལ་ལ་བརྩིས་པ་བཅས་རེད།

    དངུལ་ཚང་མ་ཡོངས་བསྒྲགས་ངང་སྤྱོད་ཆེད། ལས་དོན་རུ་ཁག་གིས་གྲོང་ཚོར་རམ་འདེགས་ཀྱིས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ཏང་ཡོན་གྱི་འཐུས་མི། མང་ཚོགས་ཀྱི་འཐུས་མི་བཅས་ལས་གྲུབ་པའི་མཉམ་སྡེབ་མ་དངུལ་གྱི་དོ་དམ་ལས་འཛིན་ལྷན་ཚོགས་བཙུགས་པ་རེད།

    ལམ་སྲོལ་ལེགས་སུ་ཕྱིན་པ་དང་། ཐོན་ལས་དར་བ། གྲོང་མི་ཕྱུག་པོ་ཆགས་པ་བཅས་བྱུང་ཞིང་། 2025ལོར་སྤྱང་ངེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་30ལས་བརྒལ་བ་དང་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་2.35ཟིན་པ་དེ་དུས་མཚུངས་ལས་10%འཕར་ཡོད། དེ་ཐོག་ནས་དེ་སྔ་སྐད་གྲགས་མེད་པའི་གྲོང་ཚོ་ཆུང་ཆུང་དེས་ལོ་གཅིག་གི་དུས་ཚོད་སྤྱད་དེ་བློ་ཡིད་ཚིམ་པའི“ཕྱུག་འགྱུར་གྱི་རྒྱུགས་ལན”ཞིག་ཕུལ་བ་མཚོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།