དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཏང་འཛུགས་སྐྱོང་ལ་བརྟེན་ནས་དཀའ་གནད་བསལ། “འགྱུར་ལྡོག་གསུམ”ལས་དར་རྒྱས་ཡོང་བར་བྱས།

    —— ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་མཁར་རྩེ་ཤང་མཐོང་སྨོན་གྲོང་ཚོར་མཉམ་སྡེབ་འབབ་འཕར་དང་ཚོགས་སྤྱི་ཕྱུག་འགྱུར་བྱུང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-15

    ཉེ་ཆར། ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་མཁར་རྩེ་ཤང་མཐོང་སྨོན་གྲོང་ཚོའི་ཏང་དམངས་ཞབས་ཞུ་ལྟེ་གནས་སུ་དགའ་སྤྲོའི་རྣམ་པས་ཁེངས་ཤིང་། དེ་གར་2025ལོའི་ལོ་འཁོར་གྱི་གྲོང་ཚོའི་མཉམ་སྡེབ་ཀྱི་བགོ་འགྲེམས་མཛད་སྒོ་འཚོགས་པ་དང་གྲོང་མི་ཚོའི་ངོ་གདོང་ལས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བཞིན་ཡོད།

    མཐོང་སྨོན་གྲོང་ཚོ་ནི་མཁར་རྩེ་ཤང་གི་ཁོངས་སུ་གཏོགས་ཤིང་། དེར་ཡུལ་མིའི་ཚོགས་ཆུང་6དང་། དུད་ཚང་382ཀྱི་མི་1510ཡོད་ཁར་རྨོ་ཞིང་མུའུ་7416ཡོད། ལོ་གསུམ་གྱི་གོང་དུ་ཡུལ་ལུང་དེར་ཐོན་ལས་སྣ་གཅིག་དང་ཁོག་སྟོང་མཉམ་ལས་ཁང་ཞིག་ཡོད་པར་མང་ཚོགས་ལ་ཡོང་སྒོ་མེད་པའི་རྗེས་ལུས་གྲོང་ཚོ་ཞིག་རེད། ས་ཞིང་ཁ་ཐོར་དུ་གནས་ཚབས་ཆེ་བ་དང་། འཕྲུལ་ཆས་ཆེ་གྲས་ས་ཞིང་ནང་སྐྱོད་དཀའ་བ། དཔལ་འབྱོར་བཟང་བའི་ལོ་ཏོག་བཏབ་པར་ལག་རྩལ་དཀོན་པ་དང་ཚོང་ལམ་མེད་པས། ས་ཞིང་མུའུ་རེའི་བརྒྱུད་བཤུག་དངུལ་སྒོར་300ལྷག་ཙམ་ལས་ཟིན་གྱི་མེད། ཡུལ་མི་ཚོས“ཞིང་ཁ་སྦར་མཐིལ་ཙམ”དང“ས་ཆ་ཆུང་ངུ”དེ་སྲུང་བཞིན་ཡོད་པས། འཕེལ་རྒྱས་ཀྱི་འགྲོ་ལམ་མེད་པ་དང་ཡོང་འབབ་འཕར་ཤུགས་ཞན་པར་བརྟེན་འཚོ་བའི་འཁོས་ཀ་སྐྱོ་པོ་ཡོད་པ་རེད།

    ★ ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱས་ཏེ།

    “མི་སེམས་གཅིག་སྒྲིལ་མེད་པ་དང་མཉམ་ཤུགས་ཞན་པའི”དཀའ་གནད་བསལ་བ།

    སྐབས་དེ་དུས་མཐོང་སྨོན་གྲོང་ཚོའི་སྲོལ་རྒྱུན་འདེབས་འཛུགས་ཀྱི་ཕན་འབྲས་ཞན་པ་དང་། རྨང་གཞིའི་སྒྲིག་བཀོད་ཉམས་ཞན། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཧ་ལམ་མེད་པ། མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་ཆུང་བ། འཕེལ་རྒྱས་ཀྱི་གཏིང་ཤུགས་མི་འདང་བ་བཅས་ལས་གྲོང་གསེབ་འཕེལ་རྒྱས་ཐད་དཀའ་ངལ་གྱི་གནས་སུ་གྱར་ཡོད།

    འཕེལ་རྒྱས་ཀྱི་དཀའ་ངལ་ལ་གཞིགས་ཏེ་མཐོང་སྨོན་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་རང་འགུལ་ངང་འགན་འཁྲི་འཁུར་བ་དང་དཀའ་ངལ་བསུས་ཏེ་ཏང་འཛུགས་སྐྱོང་སྣེ་ཁྲིད་དུ་བྱས་ནས་སྒྱུར་བཅོས་དང་འཕེལ་རྒྱས་ཐད་ཀྱི་དཀའ་གནད་བསལ་ཡོད། གྲོང་ཚོའི་ཏང་ཀྲི་པུའུ་ཡིས“གྲོས་གཞི་དང་པོའི”ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ་ཟླ་རེར་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་གྲོང་གསེབ་སྒྱུར་བཅོས་སྲིད་ཇུས་མཉམ་དུ་སློབ་སྦྱོང་བྱས་ཏེ། འཕེལ་རྒྱས་ལ་སྣེ་ཁྲིད་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་གི་ཡོད། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེས་གཅིག་གིས“མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མང་ཚོགས་ཀྱི་རེ་སྒུག་ནི། ང་ཚོའི་ལས་ཀའི་འགོ་འཛུགས་ས་དང་དོན་ལ་འབབ་ས་ཡིན། ཏང་རྩ་འཛུགས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་ན་གཞི་ནས་སྒྱུར་བཅོས་ཀྱི་མཉམ་ཤུགས་ཆེན་པོ་ཞིག་ཆགས་ཐུབ་ངེས་རེད”ཅེས་བཤད།

    མང་ཚོགས་ཀྱི་བསམ་བློ་གཅིག་གྱུར་དང་ཁོང་ཚོའི་སེམས་ཁྲལ་སེལ་ཆེད། གྲོང་ཚོར་ཏང་ཡོན་ལས་བྱེད་པ་དང་ཕྱུག་འགྱུར་སྣེ་ཁྲིད་པ་ལས་གྲུབ་པའི་སྐད་གཉིས་སྒྲོག་འགྲེལ་ཡན་ལག་རུ་ཁག་ཆུང་གྲས་བཙུགས་ནས་ངལ་གསོའི་དུས་ཚོད་ལ་ཞིང་ནང་མུ་ཁ་དང་ཞིང་དུད་ཀྱི་ཁྱིམ་དུ་བསྐྱོད་ནས། སྲིད་ཇུས་གསལ་འགྲེལ་དང་། ཞིབ་རྩིས་རྒྱག་པ། དོགས་གནད་སེལ་བ་བཅས་བྱས་ཏེ་བཙན་ཤེད་ཀྱི་བཀའ་རྒྱ་མི་གཏོང་བར་ལྷག་བསམ་ཟོལ་མེད་དང་ངང་རྒྱུད་རིང་པོའི་སྒོ་ནས་མང་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་པར་བྱས་ཡོད།

    གྲོང་ཚོའི་ནང་ཆེད་མངགས“འགྱུར་ལྡོག་གསུམ” གྱི་སྒྱུར་བཅོས་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་ས་ཞིང་མཐིལ་བཤེར་དང་། ཐོན་ཁུངས་བསྡུ་སྒྲིལ། ཐོན་ལས་འཕེལ་རྒྱས་སོགས་ལས་འགན་ཁག་12དབྱེ་ཕྲལ་ཞིབ་ཚགས་བྱས་ཏེ། འགན་འཁུར་མཁན་དང་དུས་ཚོད་ཁ་གསལ་བཟོས་པ་མ་ཟད། ལས་རིམ་གསལ་འགོད་དང་ཨང་གསུབ་དོ་དམ་ལག་བསྟར་ཡང་བྱས་པ་རེད། ས་ཞིང་བརྒྱུད་བཤུག་གི་རིན་གོང་ནས་ཡོང་འབབ་བགོ་བཤའི་བསྡུར་ཚད་བར་གྱི་ལྷུ་ཚིགས་ཚང་མ་ཡོངས་བསྒྲགས་དང་། དྲང་གཞག ཕྱི་གསལ་ནང་གསལ་བཅས་མཐའ་འཁྱོངས་བྱས་ཏེ། གྲོང་ཚོའི་ལས་དོན་ཡོངས་བསྒྲགས་སྒྲོམ་བྱང་དང་སྐད་འཕྲིན་ཚོགས་པར་དུས་ཐོག་ཏུ་ཡོངས་བསྒྲགས་བྱེད་པ་དང་རང་འགུལ་ངང་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་ནས་ཡུལ་མི་རྣམས་བློ་བདེ་པོ་ཡོང་བར་བྱས་ཡོད།

    གོང་རིམ་སྡེ་ཚན་གྱི་རྒྱབ་སྐྱོར་འོག ཤང་གི་ཞིང་ལས་ལག་རྩལ་རྐང་འཛིན་པས་དམིགས་འཛུགས་རོགས་སྐྱོར་བྱས་ཏེ། སོན་བཟང་ཁྱབ་གདལ་བཏང་བ་དང་ཞིང་ནང་གཡོག་བྱེད་ལ་མཛུབ་ཁྲིད་བྱས་ཤིང་། ནོར་སྲིད་སྡེ་ཚན་གྱིས་མ་དངུལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་དངུལ་སྐར་མ་རེ་རེ་ཚང་མ་དམིགས་སར་སྤྱོད་པའི་འགན་ལེན་བྱས་པ་དང་། འབྲེལ་ཡོད་སྡེ་ཚན་གྱིས་ས་ཆའི་བདག་དབང་གཏན་འཁེལ་ལེགས་འགྲུབ་ཡོང་བར་གཞོགས་འདེགས་བྱས་ནས་སྒྱུར་བཅོས་ལ་རྨང་གཞི་བརྟན་པོ་བཏིང་ཡོད། གྲོང་ཚོའི་ནང་ད་དུང་སྐབས་བརྗེ་བརྒྱུད་ཚན་ཁག་གི་གྲུབ་ཆ་ལེགས་སུ་བཏང་ནས་ན་གཞོན་ཏང་ཡོན་དང་ཕ་ཡུལ་དུ་ལོག་པའི་གཞོན་ནུ་བསྡུས་ཏེ་རྗེས་གྲབས་སྟོབས་ཤུགས་ལེགས་སུ་བཏང་ནས་སྒྱུར་བཅོས་དང་འཕེལ་རྒྱས་ལ་གསོན་ཤུགས་སྦྱིན་ཡོད།

    ★ “འགྱུར་ལྡོག་གསུམ”ལ་བརྟེན་ནས་དཀའ་གནད་བསལ་ཏེ།

    ས་ཞིང་ལ་བརྟེན་ནས་ཞིང་པ་ཕྱུག་པོ་ཆགས་པར་བྱས་པ།

    མཐོང་སྨོན་གྲོང་ཚོས་ཐོན་ཁུངས་དེ་རྒྱུ་ནོར་དང་། མ་དངུལ་དེ་རྐང་དངུལ། ཞིང་པ་རྣམས་རྐང་བདག་བཅས་ལ་འགྱུར་བ་བྱ་རྒྱུ་དེ་ཚད་བརྒལ་སར་བྱས་ཏེ། བེད་མེད་དུ་ལུས་པའི་ཐོན་ཁུངས་ལ་གསོན་ཤུགས་རྒྱས་པ་དང་འབབ་འཕར་གྱི་ཐབས་ལམ་ཡངས་སུ་བཏང་སྟེ་ས་ཞིང་གི་ཕན་འབྲས་ཆེ་རུ་འགྲོ་བ་དང་། ཞིང་པའི་ཡོང་འབབ་མང་དུ་འགྲོ་བ། མཉམ་སྡེབ་སྟོབས་ཤུགས་རྒྱ་སྟོབས་ཆེ་རུ་འགྲོ་བ་བཅས་བྱས་ཡོད།

    ས་ཞིང་ཁ་ཐོར་དུ་གནས་པའི་དཀའ་གནད་ལ་དམིགས་ཏེ། གྲོང་ཚོས“ཁྲིམས་བཞིན་དང་། རང་མོས། རིན་དོད་ཡོད་པ”བཅས་ཀྱི་རྩ་དོན་གཞིར་བཟུང་། ཡུལ་མིས་འགན་གཙང་བླངས་པའི་ས་ཞིང་གི་གཉེར་སྐྱོང་དབང་ཆ་གྲོང་ཚོའི་མཉམ་སྡེབ་ལ་བརྒྱུད་བཤུག་གཏོང་བར་ཁྲིད་སྟོན་བྱས་ཡོད། ཏང་ཡོན་གྱིས་སྣེ་ཁྲིད་དེ་བརྒྱུད་བཤུག་དང་ལས་བྱེད་པས་དཔེ་སྟོན་སྣེ་ཁྲིད་བྱས་ཏེ་དུད་ཚང་རེ་རེ་བཞིན་ལ་ཚད་ལྡན་གྱི་བརྒྱུད་བཤུག་གན་རྒྱ་བཞག་པ་དང་ཡོང་འབབ་འགན་ལེན་ཁ་གསལ་བཟོས་ནས་གྲོང་མིའི་སེམས་ཁྲལ་རྦད་དེ་བསལ་ཡོད།

    གྲོང་ཚོའི་མཉམ་སྡེབ་ཀྱིས་རོགས་སྐྱོར་མ་དངུལ་སྣ་ཚོགས་བསྡུ་སྒྲིལ་བྱས་ཏེ་ཞིང་འཕྲུལ་ཉོ་སྒྲུབ་དང་། མཛོད་ཁང་སྒྲིག་བཀོད་འཛུགས་སྐྲུན། ཞིང་ལས་ཐོན་རྫས་ལས་སྣོན་འཁོར་ཁང་བསྐྲུན་པ་བཅས་ལ་གཅིག་སྡུད་ཐོག་མ་དངུལ་བཏང་སྟེ། ནས་ཀྱི་ཐོན་ལས་འཁོར་འབྲེལ་སྣུར་སྲིང་བྱས་ཏེ་ནས་དེ་དག་ཡོས་དང་རྩམ་པ་སོགས་ཐོན་རྫས་སུ་ལས་སྣོན་བྱས་ནས་ཟུར་སྣོན་རིན་ཐང་ཆེ་རུ་ཤུགས་ཆེན་བཏང་ཡོད།“དངུལ་སྨར་+འབྲུ་རིགས”གང་རུང་འདེམས་ཆོག་པའི་བགོ་འགྲེམས་རྒྱག་སྟངས་གསར་གཏོད་ཁྱབ་གདལ་བཏང་བས། ཡུལ་མིས་མུའུ་རེ་ནས་དངུལ་སྨར་སྒོར་462.5འམ་ཡང་ན་འབྲུ་རིགས་རྒྱ་མ་215ཡི་བགོ་འགྲེམས་གང་དགོས་གདམ་ག་བྱེད་ཆོག་གི་ཡོད།

    གྲོང་ཚོ་ཡོངས་ཀྱི་ཡུལ་མི་1510ཚང་མར་རྐང་དབང་ལག་ཁྱེར་རག་ནས་གྲོང་ཚོ་མཉམ་སྡེབ་ཀྱི་རྐང་བདག་ལ་གྱུར་ཏེ“མི་ཚང་མར་མ་རྐང་ཡོད་པ་དང་ལོ་ལྟར་བགོ་འགྲེམས་ཡོད་པ”མངོན་འགྱུར་བྱུང་ཡོད།

    ས་ཞིང་གཞི་ཁྱོན་ཅན་གྱི་གཉེར་སྐྱོང་བྱས་པས་ངལ་རྩོལ་ནུས་ཤུགས་485ཞིང་ལས་བྱེད་མི་དགོས་པར་རྟེན་གཞིར་ལས་ཀ་བྱེད་པ་དང་། ཞིང་ལས་ཐོན་རྫས་ལས་སྣོན་བྱེད་པ། གྲོང་གསེབ་ཀྱི་ཞབས་ཞུ་སོགས་ཐག་ཉེ་སར་ལས་ཞུགས་ཐུབ་ནས་ཉིན་རེར་ཆ་སྙོམས་གླ་ཆ་སྒོར་150ཟིན་ཏེ“བོགས་དངུལ་+རྐང་དངུལ་+གླ་ཆ”བཅས་སྣ་མང་འབབ་འཕར་གྱི་ཐབས་ལམ་ཤིག་ཆགས་ནས་མི་རེར་ལོར་ཆ་སྙོམས་འབབ་འཕར་སྒོར་2600ཙམ་ཟིན་ཡོད།

    ★ དར་རྒྱས་ཀྱི་མཛེས་རིས་བཀོད་དེ།

    མཉམ་སྡེབ་ཕྱུག་པོ་ཆགས་པས་བཅོས་སྐྱོང་ལེགས་སུ་སོང་བ།

    ད་ཆ་མཐོང་སྨོན་གྲོང་ཚོར་ཐོན་ལས་སྣ་མང་འཕེལ་རྒྱས་ཕྱིན་པ་དང་གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་ཡོད། རྩམ་པ་ལས་སྣོན་བཟོ་གྲྭར་འཕྲུལ་འཁོར་གྱི་ལྡིར་སྒྲ་སྒྲོག་པ་དང་། སྒོ་ང་མཉམ་ལས་ཁང་ཚད་དང་མཐུན་ཞིང་གོ་རིམ་ལྡན་པ། གླིང་ཁ་དང་སྒོ་ར་ཆུང་ངུར་ཡུལ་སྐོར་བ་རྒྱུན་མི་ཆད་པ་ཡོང་བ་བཅས་ལས་ནས་སྣོན་དང་། བྱ་དེ་གསོ་ཚགས། གྲོང་གསེབ་ཡུལ་སྐོར་བཅས་གཙོ་བོར་བྱེད་པའི་སྣ་མང་ཐོན་ལས་ཀྱི་རྣམ་པ་ཞིག་གྲུབ་ཡོད། གྲོང་ཚོས་སྒོར་ཁྲི་20ལྷག་ཙམ་བཏང་ནས“མང་ཚོགས་ཚོགས་པའི་ཁྱིམ་གཞིས”བསྐྲུན་པ་དང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁང་ལ་བརྟེན་ནས་རིག་གནས་བྱེད་སྒོ་ཐེངས་25སྤེལ་བས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་པ་མ་ཟད། གྲོང་གསེབ་ཀྱི་ཡུལ་སྐོར་ལ་དོན་སྙིང་ཡང་བསྣན་ཡོད།

    མཉམ་སྡེབ་དཔལ་འབྱོར་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་ཏེ་སྤྱི་པའི་ཞབས་ཞུ་ཕྱོགས་ཡོངས་ནས་རིམ་སྤོར་ཡོང་བར་སྐུལ་ཁྲིད་བྱས་ཡོད། གྲོང་ཚོའི་འགྲོ་ལམ་ཚང་མར་ཨར་འདམ་ལམ་བཏིངས་པ་དང་། ཁྲོམ་གཞུང་དང་སྲང་ལམ་གྱི་ཕྱོགས་གང་སར་ལམ་སྒྲོན་བཙུགས་པ། རིག་གནས་ཐང་ཆེན་གྱི་སྒྲིག་བཀོད་ཆ་ཚང་བས་ཡུལ་མི་ཚོས་ཁྱིམ་གྱི་སྒོ་རྩ་ནས་སྤུས་ལེགས་ཀྱི་སྤྱི་པའི་ཞབས་ཞུ་ལོངས་སྤྱོད་ཐུབ་ཡོད། གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་འཐབ་འཛིང་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། ཏང་ཡོན་ལས་བྱེད་པ་རྣམས་མང་ཚོགས་ཀྱིས་ཡིད་ཆེས་ཆེ་ཤོས་བྱེད་སའི“སྲོག་ཤིང”དུ་གྱུར་ནས་ཁྱིམ་མཚེས་དབར་སྔར་བས་འཆམ་མཐུན་དང་། གྲོང་སྲོལ་དེ་བས་ཡ་རབས། གྲོང་གསེབ་སྔར་བས་འཆམ་མཐུན་བཅས་བྱུང་ཡོད།

    ཏང་འཛུགས་སྐྱོང་གིས་གོང་བུ་འགྲིལ་ཤུགས་ལ་སྣེ་ཁྲིད་བྱས་པ་དང“འགྱུར་ལྡོག་གསུམ”གྱི་སྒྱུར་བཅོས་ཀྱིས་དར་རྒྱས་ལ་སྐུལ་འདེད་བཏང་ཡོད། མཐོང་སྨོན་གྲོང་ཚོས་སྒྱུར་བཅོས་སྒུལ་ཤུགས་དང་ཐོན་ལས་འདེགས་སྐྱོར་དུ་བྱས་ཏེ་གྲོང་གསེབ་དར་རྒྱས་ཀྱི་ལམ་བུའི་ཐོག་གོམ་སྟབས་བརྟན་པོས་མདུན་སྐྱོད་བྱས་ནས། མཉམ་སྡེབ་སྔར་བས་ཕྱུག་འགྱུར་དང་མང་ཚོགས་སྔར་བས་བདེ་སྐྱིད་ཡོང་བ་བྱས་ཏེ་ས་མཐོའི་གྲོང་གསེབ་ཀྱི་འཚོ་བ་སྔར་བས་དར་རྒྱས་དང་མདུན་ལམ་སྔར་བས་ཡངས་པ་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།