དྲ་ཐོག་ཚོང་དོན་དར། གྲོང་གསེབ་འཕེལ་རྒྱས་ཡག
—— བོད་ཀྱི་གྲོང་གསེབ་དྲ་ཚོང“ཐོན་རྫས་འཚོང་བ”ནས“ཐོན་ལས་དར་རྒྱས”ཕྱོགས་སུ་འཕེལ་བ།

འདི་ནི་ལུང་ཁྲོང་བར་མཐོངས་དྲ་ཚོང་ཐད་གཏོང་ཚོད་ལྟའི་རྟེན་གཞིར་སྙན་སྒྲོན་པ་གཙོ་བོས་ཐད་གཏོང་བརྒྱུད་ནས་ཁྱད་ལྡན་ཞིང་ལས་ཐོན་རྫས་འཚོང་བཞིན་པ།
ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་བཟོ་ལས་གླིང་ཁུལ་ལུང་ཁྲོང་བར་མཐོངས་དྲ་ཚོང་ཐད་གཏོང་ཚོད་ལྟའི་རྟེན་གཞིར་སྐྱོད་སྐབས། སྙན་སྒྲོན་པ་གཙོ་བོས་བརྙན་ཤེལ་གྱི་མདུན་དུ་ས་མཐོའི་ཁྱད་ལྡན་ཐོན་རྫས་སྣ་ཚོགས་ཚ་ཚ་འུར་འུར་ངང་ངོ་སྤྲོད་བྱེད་བཞིན་ཡོད་པ་དང་། འགྲམ་གྱི་མཛོད་ཉར་འཁོར་ཁང་དུ་བསྐུར་མ་རེ་རེ་གོ་རིམ་ལྡན་པར་དབྱེ་གསེས་དང་ཐུམ་སྒྲིལ་བརྒྱབ་སྟེ། རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་རྒྱུན་ཆད་མེད་པར་སྐུར་བཞིན་ཡོད་པ་རེད།
རྟེན་གཞི་གཉེར་སྐྱོང་བྱས་པ་ནས་བཟུང་། རིམ་རྩིས་བརྒྱབ་ན་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར་2.2ལྷག་ཙམ་ཟིན་པ་དང་དྲ་ཚོང་ཁེ་ལས་10བཅའ་སྡོད་བྱས་ནས་ཉིན་རེར་ཆ་སྙོམས་མྱུར་སྐྱེལ་བསྐུར་མ་བསྐུར་ཚད་5000ཙམ་ཟིན་ཡོད་པ་རེད། འཕེལ་རྒྱས་ཀྱི་གྲུབ་འབྲས་གཡུར་ཟ་བ་ལས་སྟོད་ལུང་བདེ་ཆེན་ཆུས“2025ལོའི་རྒྱལ་ཡོངས་ཀྱི་གྲོང་གསེབ་དྲ་ཚོང་སྣེ་ཁྲིད་རྫོང་གི་དཔེ་མཚོན”དང“2025ལོའི་རྫོང་ཁོངས་ཀྱི་ཐད་གཏོང་དྲ་ཚོང་ལྟེ་གནས་ཀྱི་དཔེ་མཚོན”ནང་བདེ་བླག་ངང་ཚུད་པ་དང་། བོད་ཀྱི་གྲངས་འཛིན་གྱིས་མཐུན་རྐྱེན་སྦྱར་ནས་གྲོང་གསེབ་དར་རྒྱས་གཏོང་བའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་ཏུ་གྱུར་ཡོད།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་གྲངས་འཛིན་ཚོང་དོན་འཕེལ་རྒྱས་བཏང་ནས་ཞིང་ལས་དར་རྒྱས་གཏོང་བའི་ཆེད་དོན་བྱ་སྤྱོད་དོན་འཁྱོལ་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། གློག་རྡུལ་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གྱིས་ཕྱོགས་བསྡུས་དཔེ་སྟོན་ནུས་པ་འདོན་པ་དམ་འཛིན་བྱེད་སར་བྱས་ནས། ཞིང་ལས་ཀྱི་དམིགས་བསལ་ཐོན་རྫས་བོད་ནས་ཕྱིར་འཚོང་བ་དང་སྤུས་ལེགས་ཚོང་ཟོག་གྲོང་གསེབ་ཏུ་གཏོང་བའི་ཕྱོགས་གཉིས་འཁོར་རྒྱུག་ལམ་བུ་བཏོད་ཅིང་། ལས་སྟེགས་དང་། ཟོག་འགྲུལ། ཐོན་ལས། ཤེས་ལྡན་པ་བཅས་ཀྱིས་མཐུན་སྦྱོར་ཤུགས་སྣོན་རྒྱག་པའི་གྲོང་གསེབ་ཀྱི་དྲ་ཚོང་ཁོར་ཡུག་མ་ལག་མགྱོགས་མྱུར་བསྐྲུན་ཏེ་གྲོང་གསེབ་ལ་དྲ་ཚོང་མེད་པ་ནས་ཡོད་པའི་བར་དང་། ཉམས་ཞན་ནས་སྟོབས་ཆེན་བར། ཁ་འགྲེམས་ནས་གཅིག་སྡུད་བར་བཅས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ཡོད་པ་རེད།
གྲོང་གསེབ་ཀྱི་དྲ་ཚོང་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་བ།
རང་ལྗོངས་ཀྱི་དྲ་ཚོང་ཚད་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད། རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་རང་སྐྱོང་ལྗོངས་ནོར་སྲིད་སོགས་སྡེ་ཚན་12དང་མཉམ་འབྲེལ་ཐོག་དྲ་ཚོང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་ཁག་བཅུ་བཏོན་ཏེ་ཁེ་ལས་སྐྱེད་སྲིང་དང་། ཐོན་ལས་མཉམ་འདྲེས། ཤེས་ལྡན་པའི་འདེགས་སྐྱོར། དངུལ་རྩའི་ཞབས་ཞུ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་སོགས་ཐད་བརྒྱུད་རིམ་ལྡན་པའི་ཤུགས་སྣོན་བརྒྱབ་པ་དང་། གོང་འོག་མཉམ་འགུལ་དང་སྡེ་ཚན་མཐུན་སྦྱོར་ངང་སྲིད་ཇུས་ཀྱིས་འགན་ལེན་བྱས་པས། གྲོང་གསེབ་ཀྱི་དྲ་ཚོང་ཁ་ཐོར་པ་ནས་ཚད་ལྡན་དང་གོ་རིམ་ལྡན་པ་དང་། གཅིག་སྡུད་འཕེལ་རྒྱས་ཀྱི་བགྲོད་ལམ་ཐོག་རིམ་བཞིན་བསྐྱོད་ཡོད།
སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པའི་སྐུལ་འདེད་འོག ལྗོངས་ཡོངས་ཀྱི་གྲོང་གསེབ་དྲ་ཚོང་ཞབས་ཞུའི་དྲ་རྒྱ་རྒྱུན་ཆད་མེད་པར་གཞི་རིམ་དུ་སྣུར་སྲིང་བྱས་ཤིང་། མིག་སྔར། རིམ་ཁག་དྲ་ཚོང་གི་སྤྱི་པའི་ཞབས་ཞུའི་ལྟེ་གནས་82བསྐྲུན་པ་དང་། ཤང་དང་། གྲོང་རྡལ། གྲོང་ཚོ་བཅས་རིམ་པའི་དྲ་ཚོང་ཞབས་ཞུ་ས་ཚིགས་1000ལྷག་ཙམ་ཟིན་ནས། རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་ཞབས་ཞུའི་མ་ལག་ཕྱོགས་ཡོངས་ནས་གྲུབ་ཡོད་པ་རེད། “སྦྲག་སྲིད་དང་མྱུར་སྐྱེལ་མཉམ་ལས”ཀྱི་རྣམ་པར་བརྟེན་ནས། ཞིང་འབྲོག་ཁུལ་གྱི་ཟོག་འགྲུལ་སྡེབ་སྐྱེལ་གྱི“མཐའ་མའི་འགག་གནད”ནུས་ལྡན་བསལ་ནས། “རྫོང་ཚང་མར་ཁག་བགོས་གཏོང་སྤྲོད་བྱེད་པ་དང་། ཤང་ཚང་མར་དྲ་ཚུགས་ཡོད་པ། གྲོང་ཚོ་ཚང་མར་མྱུར་སྐྱེལ་ཤར་གཏོང”བཅས་གཞི་རྩའི་ཆར་མངོན་འགྱུར་བྱུང་སྟེ། སྔོན་ཆད་མང་ཚོགས་ཀྱི“ཉོ་ཚོང་དཀའ་བ་དང་། སྐྱེལ་འདྲེན་སྟབས་བདེ་མེད་པའི”དཀའ་གནད་ཐག་གཅོད་ནུས་ལྡན་ཐུབ་ཡོད་པ་རེད།
ཁྱད་ལྡན་ཐོན་རྫས་ཀྱི་ཚོང་ལམ་རྒྱ་ཆེར་བཏང་བ།
ད་ཆ། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན་དུ་ཐད་གཏོང་ཟོག་ཚོང་དང་དྲ་ཐོག་ནས་འོས་སྦྱོར་ངོ་སྤྲོད་ཀྱི་ལས་སྒོ་ཕྱོགས་ཡོངས་ནས་སྤེལ་ཞིང་། གྲོང་སྡོད་ལས་དོན་རུ་ཁག་དང་། གྲོང་གསེབ་ཀྱི་ལས་བྱེད་པ། ཕ་ཡུལ་དུ་ལོག་པའི་གཞོན་ནུ་བཅས་གཅིག་རྗེས་གཉིས་མཐུད་ངང“དྲ་ཚོང་གི་སྙན་སྒྲོན་པ་གཙོ་བོར”གྱུར་ནས། ཐད་གཏོང་ཁང་ཡང་ཞིང་ནང་མུ་ཁ་དང་། འབྲོག་ར། ནགས་ཁྲོད་སོགས་སུ་སྤོས་ཏེ། བབ་ཆགས་པའི་སྐད་ཆ་དང་མངོན་སུམ་གྱི་ལྗོངས་རྣམ་བརྒྱུད་ནས་ས་མཐོའི་ཞིང་ལས་ཐོན་རྫས་འོས་སྦྱོར་བྱེད་ཀྱི་ཡོད། བོད་ཕག་གི་ཤ་དང་། བེ་ཤ བོད་སྒོང་། ས་མཐོའི་ཤིང་ཏོག་དང་སྔོ་ཚལ་སོགས་ཀྱི་ཞིང་ལས་ཐོན་རྫས་བརྙན་ཐུང་དང་ཐད་གཏོང་ཟོག་ཚོང་ལ་བརྟེན་ནས་དྲ་ཐོག་ཏུ་བྲིན་ཁ་རྒྱུག་པའི་ཐོན་རྫས་སུ་གྱུར་ཏེ། ཞིང་འབྲོག་པ་བདེ་བླག་ངང་གྲངས་འཛིན་གྱི་མྱུར་འཁོར་དུ་འཛེགས་ནས་རྒྱལ་ཡོངས་ཀྱི་ཁྲོམ་ར་ཆེན་པོ་དང་འབྲེལ་མཐུད་ཐུབ་ཡོད་པ་རེད།
2025ལོར། རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་གྲོང་ཁྱེར་དང་ས་ཁུལ་ཁག་སྒྲིག་འཛུགས་བྱས་ཏེ་ཚད་གཞི་མཐོ་པོས“ཏུང་ཧྥང་ཞིབ་འབྱེད་གདམ་གསེས·བོད་ལྗོངས་སུ་བསྐྱོད་པ”དང་། ཐད་གཏོང་དྲ་ཚོང་འགྲན་བསྡུར་ཆེན་པོ་སྐབས་གཉིས་པ་སོགས་ཀྱི་ཁྱད་ལྡན་ཐད་གཏོང་བྱེད་སྒོ་སྤེལ་བས། “བོད་ཀྱི་སྤུས་རྟགས”ཀྱི་ཐོན་རྫས་ཁག་གཅིག་རྒྱལ་ཡོངས་སུ་སྐད་གྲགས་ཆོད་པ་དང་། དུས་མཚུངས་སུ་ཁེ་ལས་ཞབས་ཞུ་ཚོང་དོན་འདུ་ཚོགས་དང་འཛད་རྫས་འགྲེམས་ཚོགས་སོགས་རྒྱལ་ཁབ་རིམ་པའི་གཙོ་གནད་འགྲེམས་ཚོགས་ལ་ཞུགས་རྒྱུར་སྒྲིག་འཛུགས་ཧུར་ཐག་བྱས་ཏེ། ཚོང་འགུགས་མ་འདྲེན་དང་འོས་སྦྱོར་ངོ་སྤྲོད་སྤེལ་རེས་སོགས་ཀྱི་བྱེད་སྒོ་སྤེལ་ནས། རང་ལྗོངས་ཀྱི་ཁྱད་ལྡན་ཐོན་རྫས་ཕྱི་རུ་སྟོན་པའི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེ་རུ་བཏང་ཡོད།
གྲོང་གསེབ་དར་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུཌ་འཕེལ་བར་བྱས་པ།
དྲ་ཚོང་ནི་ཚོང་ལམ་རྒྱ་ཆེར་གཏོང་བའི“མྱུར་ལམ”ཞིག་ཡིན་པ་མ་ཟད། ས་མཐོའི་ཁྱད་ལྡན་ཐོན་ལས་སྐུལ་སློང་བྱེད་པའི་སྒུལ་ཤུགས་གསར་པ་ཞིག་ཀྱང་ཡིན། གསོན་ཉམས་ལྡན་པའི་དཔེ་མཚོན་རེ་རེ་ཡིས་གྲོང་གསེབ་ཀྱི་དྲ་ཚོང“ཐོན་རྫས་འཚོང་བ”ནས“ཐོན་ལས་དར་རྒྱས”བར་འགྱུར་ལྡོག་ཆེན་པོ་བྱུང་བར་དཔང་པོ་བྱེད་བཞིན་ཡོད།
“ཚང་མས་ལྟོས་དང་། ཀུ་ཤུ་མངར་མོ་འདི་དག་ཚང་མ་ས་བབ་མཐོ་སར་བཏབ་པ་ཤ་སྟག་ཡིན་པས། སྦགས་བཙོག་མེད་ལ། བཟས་ན་བྲོ་བ་ཧ་ཅང་ཞིམ་པ་དང་། ཤིང་འབྲས་ཀྱི་དྲི་ཡང་ཁྱད་དུ་འཕགས་པ་ཞིག་ཡོད”ཅེས་སྙན་སྒྲོན་པ་གཙོ་བོས་འོས་སྦྱོར་བྱེད་བཞིན་འདུག་ལ། ཐད་གཏོང་བརྒྱུད་ནས་རྒྱལ་ཡོངས་ཀྱི་འཛད་སྤྱོད་པས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྨན་རི་ཤང་ཐོག་སྨད་གྲོང་ཚོའི་ཀུ་ཤུ་ཉོ་ཐུབ་པ་རེད། གྲོང་ཚོ་དེས“ཏང་ཀྲི་པུའུ་དང་དྲ་ཚོང་ཟུང་འབྲེལ”གྱི་ཞིང་རོགས་བྱེད་སྟངས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཤིང་། གྲོང་ཚོའི“ཨུ་ལྷན་གཉིས”དང་། གྲོང་སྡོད་ལས་བྱེད་པ། ཕྱུག་འགྱུར་སྣེ་ཁྲིད་པ་བཅས་ཀྱིས་ཐད་གཏོང་ཚོགས་པ་བཙུགས་ནས་ཁྱད་ལྡན་ཞིང་ལས་ཐོན་རྫས་བཙོངས་པ་རེད།
མིག་སྔའི་བར། བོད་དུ་གྲངས་འཛིན་ཞིང་ལས་ཟོག་སྦྲེལ་དྲ་རྒྱའི་རྟེན་གཞི་3བཙུགས་པ་དག་དབྱར་རྩྭ་དགུན་འབུ་དང་། བེ་ཤ་དང་། ར་མོ་ཤག་ཆེན་སོགས་ཁྱད་ལྡན་ཐོན་རྫས་ལ་ཁྱབ་པ་མ་ཟད། ཁུངས་འདེད་ཨང་རྟགས་ཀྱི་ཤོག་བྱང་ཁྲི་120བཟོས་ནས་ཐོན་རྫས་ཚང་མར“གྲངས་འཛིན་ཐོབ་ཐང་ལག་ཁྱེར”ཡོད་པ་རེད། 《བོད་ཀྱི་དྲ་ཚོང་གི་ཞིང་ལས་དམིགས་བསལ་ཐོན་རྫས་ཀྱི་སྤུས་ཚད་ཚོད་འཛིན་གྱི་སྤྱིའི་རྩ་དོན》སོགས་ཚད་གཞི་ཁག་22དོན་འཁྱོལ་བྱས་ནས། སྔོག་འདོན་དང་ལས་སྣོན་བྱེད་པ་ནས་ཕྱིར་ཚོང་བར་གྱི་བརྒྱུད་རིམ་ཧྲིལ་པོར་ཁུངས་འདེད་དང་། ཚོད་འཛིན། ཞིབ་བཤེར་བཅས་ཐུབ་ནས། ས་མཐོའི་ཐོན་རྫས་བཟང་པོར་དེ་བས་སྤུས་ཚད་ལྡན་པ་དང་། དེ་བས་བསྔགས་བརྗོད་ཐོབ་པ། དེ་བས་བྲིན་ཁ་རྒྱུག་པ་བཅས་བྱུང་ཡོད།
གྲོང་གསེབ་ཀྱི་དྲ་ཚོང་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དེས་ས་མཐོའི་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་ཐབས་ལམ་རྒྱ་ཆེར་ཕྱིན་པ་མ་ཟད། ཐོན་ལས་རིམ་སྤོར་དང་མང་ཚོགས་ཀྱི་ཡོང་འབབ་འཕར་བར་སྐུལ་ཁྲིད་ཀྱང་ཐུབ་ཡོད། ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དང་གྲངས་འཛིན་གྱི་ནུས་པ་རྒྱུན་མཐུད་ཆེ་རུ་ཕྱིན་པ་དང་ཆབས་ཅིག བོད་ཀྱི་གྲོང་གསེབ་ཀྱི་དྲ་ཚོང་ཡང་གོམ་པ་རིམ་བགྲོད་ཀྱིས་འཕེལ་རྒྱས་ཕྱིན་ནས་གྲོང་གསེབ་དར་རྒྱས་ལ་གསོན་ཤུགས་རྒྱུན་མཐུད་སྣོན་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།