བོད་ཀྱི་འཐུས་མི་ཚོགས་པ་ཀྲུང་གོ་རྒྱལ་སྤྱིའི་འཛད་ཟོག་འགྲེམས་ཚོགས་སྐབས་དྲུག་པར་ཞུགས་པ།
ཀྲུང་གོ་རྒྱལ་སྤྱིའི་འཛད་ཟོག་འགྲེམས་ཚོགས་སྐབས་དྲུག་པ(གཤམ་དུ་འཛད་ཟོག་འགྲེམས་ཚོགས་སྐབས་དྲུག་པ་ཞེས་བསྡུ་རྒྱུ)ཟླ་4ཚེས་13ནས་ཚེས་18ཉིན་བར་ཧའེ་ནན་ཧའེ་ཁོའུ་རུ་འཚོགས་པ་རེད། ཚེས་13ཉིན། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲའོ་ཕེང་འགོ་ཚུགས་མཛད་སྒོར་ཞུགས་ནས་འགྲེམས་ཁང་དང་འགྲེམས་ཚོགས་ལ་གཟིགས་སྐོར་གནང་བ་རེད།
ཀྲའོ་ཕེང་བོད་ཀྱི་འགྲེམས་ཁང་དུ་ཕེབས་ནས་འགྲེམས་སྟོན་ལ་ཞུགས་མཁན་ཁེ་ལས་དང་སྤེལ་རེས་ཟབ་མོ་གནང་བ་དང་། འགྲེམས་སྟོན་ལ་ཞུགས་མཁན་ཁེ་ལས་ཀྱི་སྤུས་རྟགས་འཛུགས་གཏོད་དང་ཁྲོམ་རའི་ཁྱབ་གདལ་གནས་ཚུལ་ཤེས་རྟོགས་གནང་བ་མ་ཟད། ས་གནས་ས་ཐོག་གི་འཛད་སྤྱོད་པས་བོད་ཀྱི་ཁྱད་ལྡན་ཐོན་རྫས་འདེམས་ཉོའི་འདུན་པ་ཡང་མྱོང་ཚོར་གནང་བ་རེད། ཁོང་གིས་བསྟན་དོན། ད་ཐེངས་ཀྱི་འགྲེམས་ཞུགས་གོ་སྐབས་སུ་བྱས་ཏེ། འབྲེལ་མཐུད་དང་ངོ་འཕྲད་གྲོས་མོལ་ལ་ཤུགས་སྣོན་རྒྱག་པ་དང་མཉམ་ལས་ཀྱི་འདོད་འདུན་དེ་བས་མང་བ་འཇོག་ཐུབ་པའི་བརྩོན་ལེན་བྱས་ནས། བོད་ཀྱི་ཆུ་ཚད་མཐོ་བའི་སྒོ་དབྱེ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས།
ཤེས་རྟོགས་བྱུང་བར་གཞིགས་ན། རང་ལྗོངས་ཀྱི་ཁེ་ལས་ཁག་28སྐབས་འདིའི་འཛད་ཟོག་འགྲེམས་ཚོགས་ལ་ཞུགས་པ་དང་། ནས་ཀྱི་ཐོན་རྫས་རབ་དང་རིམ་པ་དང་། དབྱར་རྩྭ་དགུན་འབུ། ཨ་རག་དམར་པོ། སྤོས་སོགས་ཞིང་ཞོར་ཁྱད་ལྡན་ཐོན་རྫས་300ལྷག་ཙམ་འགྲེམས་ཚོང་བྱས་པ་རེད། འཛད་ཟོག་འགྲེམས་ཚོགས་སྐབས་དྲུག་པའི་ལས་སྟེགས་ལ་བརྟེན་ནས། རང་ལྗོངས་ཀྱི་འགྲེམས་ཞུགས་ཁེ་ལས་ཁག་གིས་རྒྱལ་ཁབ་ཕྱི་ནང་གི་མཁོ་འདོན་དང་ཉོ་སྒྲུབ་ཀྱི་ཚོང་པ་དང་འབྲེལ་མཐུད་དམ་ཟབ་བྱས་ཤིང་། “དྲ་ཐོག་དང་དྲ་ཕྱི”ཟུང་འབྲེལ་གྱི་ཕྱིར་ཚོང་ཐབས་ལམ་བརྒྱུད། རང་ལྗོངས་ཀྱི་ལེགས་ལྡན་ཞིང་ཞོར་ཐོན་ཟོག་གཅིག་སྡུད་ཐོག་འགྲེམས་སྟོན་དང་། ཁུལ་ཁོངས་ཀྱི་སྤུས་རྟགས་ཕན་འབྲས་ཤུགས་ཆེར་བཏང་ནས། འཛད་སྤྱོད་ཁྲོམ་ར་རྒྱ་སྐྱེད་ལ་སྐུལ་འདེད་བཏང་བ་རེད།
འབྲེལ་ཡོད་གསར་འགྱུར།