དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཁུ་བྱུག་མགྲིན་དབྱངས་སྙན། སྡེ་ཁུལ་སྲོལ་གསར་དར།

    —— ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་བྱ་ས་ཁྲོམ་གཞུང་བྱ་ས་སྡེ་ཁུལ་གྱི་གོམས་སྲོལ་སྒྱུར་བའི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-15

    ཉིན་ཤས་བསྟུད་མའི་རིང་། ཡར་ཀླུང་གཞུང་དུ་དཔྱིད་རླུང་ལྡང་ཡང་གྲང་ངར་ཅུང་ཆེ་ཙམ་ཡོད་མོད། འོན་ཀྱང་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་བྱ་ས་ཁྲོམ་གཞུང་བྱ་ས་སྡེ་ཁུལ་དུ“ཁུ་བྱུག”ཅེས་པའི་སྒྲོག་འགྲེལ་རུ་ཁག་ཅིག་སྔ་ས་ནས་ཐོན་ཏེ་ཤེས་དཔལ་སྲོལ་གསར་གྱི་དྲོད་རླུང་ཁྱིམ་ཚང་ཚང་མར་ཁྱབ་པར་བྱེད་ཀྱི་ཡོད།

    སྒྲོག་འགྲེལ་པ་ཕུན་ཚོགས་ནོར་བུ་དང་ལས་རོགས་ཚོས་གསར་དུ་བཟོ་བཅོས་བརྒྱབ་པའི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་འཁྱེར་ནས་སླར་ཡང་གྲོང་མིའི་ཁྱིམ་དུ་བསྐྱོད། ད་ཐེངས་ཁོང་ཚོས་གླེང་མོ་བྱེད་པ་ནི་བཀྲ་ཤིས་དགའ་སྟོན་དང་འདས་པོའི་རྗེས་འཇུག་སྟབས་བདེའི་ངང་གཉེར་བའི་སྐོར་རེད།

    2025ལོའི་ཟླ་10པར། བྱ་ས་སྡེ་ཁུལ་གྱིས“ཤེས་དཔལ་ཡར་བརྩོན་སྲོལ་གསར་དར། བདེ་ཐང་འཚོ་བར་བརྩི་མཐོང་བྱེད”ཅེས་པའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་གོམས་སྲོལ་སྒྱུར་བའི་བླང་བྱ་སྔར་བས་ཞིབ་ཚགས་སུ་བཏང་བ་རེད། སྒྲིག་སྲོལ་གསར་པ་དེ་དག་མང་ཚོགས་ཀྱི་སེམས་ལ་དངོས་སུ་ཟུག་པ་བྱ་ཆེད། སྡེ་ཁུལ་གྱིས་སྒྲོག་འགྲེལ་རུ་ཁག་ལ“ཁུ་བྱུག”ཅེས་མིང་བཏགས་ཤིང་། དེའི་མཚོན་དོན་ནི་དཔྱིད་ཀྱི་རྒྱལ་མོའི་མགྲིན་དབྱངས་ལྟར་ཡ་རབས་སྲོལ་གསར་ཁྱིམ་ཚང་ཚང་མར་ཁྱབ་པ་བྱེད་པ་དེ་རེད།

    གྲངས་གཞི་ཁག་གཅིག་ལས་འགྱུར་ལྡོག་མཐོང་ཐུབ་པ་སྟེ། རྒྱུན་ཆད་མེད་པར་སྒྲོག་འགྲེལ་དང་ལག་ལེན་བྱས་པ་བརྒྱུད། བྱ་ས་སྡེ་ཁུལ་གྱིས་རིམ་རྩིས་བརྒྱབ་ན་གོམས་སྲོལ་སྒྱུར་བ་དང་ཤེས་དཔལ་སྐྱེད་སྲིང་གི་བྱེད་སྒོ་ཐེངས་88སྤེལ་བར་གྲོང་མི་མི་ཐེངས་8685ཞུགས་ཡོད། རླུང་གིས་གཡོས་པའི་རླུང་དར་ཉུང་དུ་ཕྱིན་ནས་གཙང་ཞིང་གྲལ་འགྲིག་པའི་རྣམ་པ་མང་དུ་ཕྱིན་པ་དང་། རྒྱས་སྤྲོས་རྒྱས་གཤོམ་བྱེད་མཁན་ཉུང་དུ་སོང་ནས་ཧུར་བསྲི་གྲོན་ཆུང་གི་དར་སྲོལ་ཟབ་ཏུ་སོང་བ་མ་ཟད། གྲོང་མིའི་ཁང་པའི་རྒྱབ་མདུན་ཡང་དེ་བས་གཙང་ཞིང་གྲལ་འགྲིག་པོར་གྱུར་ཡོད།

    ཉེ་འགྲམ་གྱི་མིག་དཔེ་ནི་སྟོབས་ཤུགས་ཆེ་ཤོས་ཤིག་རེད། གསོལ་སྟོན་མ་བཤམས་པ་ལས་རང་ཉིད་སྡེ་ཁུལ་གྱི་གྲགས་ཅན་པར་གྱུར་ཡོང་སྙམ་པ་འཕྲིན་ལས་དབྱངས་སྐྱིད་ཀྱི་བསམ་པའི་ཡུལ་ལས་འདས།

    བོད་རིགས་བུད་མེད་ཕལ་པ་འདིའི་ཕྲུ་གུ་གཉིས་སྔ་རྗེས་སུ་སློབ་ཆེན་ལ་རྒྱུགས་འཕྲོད་པས། རང་ཡུལ་གྱི་དེ་སྔའི་གོམས་སྲོལ་ལྟར་ན་དགའ་སྐྱེལ་རྟེན་འབྲེལ་གྲ་རྒྱས་པོ་ཞིག་བྱེད་དགོས་ཀྱི་ཡོད། འོན་ཀྱང་འཕྲིན་ལས་དབྱངས་སྐྱིད་ཀྱིས“ཕྲུ་གུའི་སློབ་སྦྱོང་དང་འཚོ་བའི་ཐད་འགྲོ་སོང་བཏང་ན་གང་ལས་ཀྱང་ལྷག་པ་ཡོད”ཅེས་ཤོད་ཀྱི་ཡོད།

    2024ལོར། འཕྲིན་ལས་དབྱངས་སྐྱིད་ཀྱི་ཁྱིམ་ཚང་ལྷོ་ཁ་གྲོང་ཁྱེར་གྱི“ཤེས་དཔལ་ཁྱིམ་ཚང”གྲས་སུ་བདམས་པ་དང་། 2025ལོར་སླར་ཡང་སྣེ་གདོང་ཆུས་ཀྱི“བདེ་ཐང་ཁྱིམ་ཚང”གྲས་སུ་བདམས་པ་རེད། བྱ་ས་སྡེ་ཁུལ་དུ“སློབ་རིམ་འཕར་བའི་གསོལ་སྟོན་མི་གཤོམ་པའི”ཁྱིམ་ཚང་འདི་ནི་གྲོང་མི་ཚོའི་མཐོང་ཆོས་སུ་གྱུར་པའི་ཉེ་འགྲམ་གྱི་མིག་དཔེར་གྱུར་ཡོད།

    ཉིན་དགུང་དུས་སུ། “བདེ་སྐྱིད་བྱ་ས”སྡེ་ཁུལ་གྱི་ཟ་ཁང་ནས་ཟས་ཀྱི་དྲི་ཞིམ་འཐུལ། ཟ་ཁང་འདི་ནི་ཟ་མ་ཟ་ས་ཙམ་མིན་པར། གྱང་ལྡེབས་སུ“མིང་བྱང་དམར་ནག”སྟེ། མི་བཟང་བྱ་བཟང་གི་མིང་བྱང་དམར་པོ་དང་ཚུལ་མིན་བྱེད་སྤྱོད་ཀྱི་མིང་བྱང་ནག་པོ་སྦྱར་ཡོད་པས། ཚང་མས་ཐད་ཀར་མཐོང་ཐུབ། སྡེ་ཁུལ་གྱིས་གནས་དེ་ཤེས་དཔལ་ལག་ལེན་གྱི“གཡུལ་ས་གཙོ་བོ”ཞིག་ཏུ་བཏོད་ནས། དེ་གར་སྒྲོག་འགྲེལ་ཁང་དང་། བྱེད་སྒོ་ཁང་། གྲོས་བསྡུར་ཁང་བཅས་བྱེད་ཀྱི་ཡོད།

    རྒན་རྒོན་གྱི“ཟ་མའི”གནད་དོན་ལ་དམིགས་ནས་ཟ་ཁང་གིས་ཟ་མ་འདྲ་མིན་སྣ་ཚོགས་བཟོ་བའི་དམངས་ཕན་སྲིད་ཇུས་བཏོན་པ་དང་། མངག་ཚོང་སྐྱེལ་མཁན་དང་ཕྱི་ལོགས་ཀྱི་ལས་དོན་པར་དམིགས་ནས་གོང་ཁེ་བའི་ཟ་མ་དང་ངལ་གསོ་རྒྱག་ས་མཁོ་འདོན་བྱེད་ཀྱི་ཡོད།

    “ཁུ་བྱུག་ས་ཚིགས་ཆུང་ངུ”དེ་ཟ་ཁང་གི་ཟུར་ཞིག་ཏུ་བཙུགས་ཡོད་ཅིང་། “གསར་བརྗེའི་སྒྲོག་འགྲེལ་སློབ་ཚན”དང་། “བདེ་ཐང་སློབ་གསོའི་སློབ་ཚན” “རྩལ་ནུས་སློབ་ཚན”སོགས“སློབ་ཚན་ཆེ་གྲས་དྲུག”རེས་མོས་ངང་འཁྲིད་ཀྱི་ཡོད།

    ཁྱིམ་མཚེས་དབར་གྱི་རྩོད་གཞི་དང་ཁུལ་ཆུང་བཅོས་སྐྱོང་གི་དཀའ་གནད་འཕྲད་སྐབས་ཚང་མ་གསོལ་ལྕོག་འགྲམ་དུ་བསྡད་དེ“ཁུ་བྱུག ཁྱིམ་མཚེས་དབར་གྱི་གྲོས་མོལ་ཚོགས་འདུ”འཚོགས་ཏེ་ཇ་མངར་མོ་ཇ་དམ་གང་དང་ཁ་ཏོག་སྡེར་མ་ཁ་ཤས་བསྒྲིགས་ནས་དོན་ཆེན་དོན་ཆུང་ཅི་ཡིན་རུང་གྲོས་བསྡུར་བྱས་ཏེ་ལྷོད་ལྷོད་ངང་ནས་འགལ་ཟླ་སེལ་གྱི་ཡོད།

    བྱ་ས་སྡེ་ཁུལ་གྱི《གྲོང་མིའི་སྤྱི་ཆིངས》ཁ་འབྱེད་སྐབས་མི་རིགས་མཐུན་སྒྲིལ་གྱི་ལས་དོན་དང་དམངས་སྲོལ་གཉེན་སྒྲིག་དང་བུ་བཙའི་ལས་དོན་དེ་གལ་ཆེའི་ས་བཅད་ནང་བཅུག་ཡོད་པ་སྟེ། “གོམས་སྲོལ་སྒྱུར་བར་སྐུལ་འདེད་ཤུགས་ཆེན་བཏང་ནས་བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་དང་གཉེན་སྒྲིག་དང་རྗེས་འཇུག་རྒྱས་གཤོམ་སོགས་ཀྱི་གོམས་གཤིས་ངན་པ་བཅོས་སྒྲིག་ནུས་ལྡན་བྱེད་དགོས”ཞེས་དང“བཀྲ་ཤིས་དགའ་སྟོན་དང་འདས་པོའི་རྗེས་འཇུག་སྟབས་བདེ་པོས་གཉེར་དགོས”ཞེས་གསལ་གསལ་ཐིང་ཐིང་བྲིས་ཡོད་པ་རེད།

    ལམ་ལུགས་ཤོག་བུའི་སྟེང་བྲིས་པ་ཙམ་མིན་པར་དེ་བས་སེམས་སུ་ཟུག་པར་བྱེད་དགོས་ཤིང་། བྱ་ས་སྡེ་ཁུལ་གྱིས་ཤེས་དཔལ་སྲོལ་གཏོད་དང་གྲོང་མི་རང་སྐྱོང་ཟུང་འབྲེལ་བྱས་ནས“སྐར་བཅུའི་ཤེས་དཔལ་དུད་ཚང”དང“ཤེས་དཔལ་ཁྱིམ་ཚང”དཔྱད་འདེམས་བྱས་ཏེ། གཟི་བརྗིད་མཚན་སྙན་དང་བྱ་དགའ་སྤྲོད་པར་བརྟེན་ནས་དེར་ཞུགས་པའི་སྤྲོ་སེམས་འཕེལ་བར་བྱེད་ཀྱི་ཡོད།

    མི་གཅིག་ནས་ཚོགས་པའི་བར་དང་ཁྱིམ་ཚང་གཅིག་ནས་སྡེ་ཁུལ་ཧྲིལ་པོའི་བར་ཤེས་དཔལ་སྲོལ་བཟང་གི་མྱུ་གུ་བྱ་ས་སྡེ་ཁུལ་དུ་འབུས་བཞིན་ཡོད།

    ད་ཆ་ཤེས་དཔལ་དེ་ཉིད“བདེ་སྐྱིད་བྱ་སའི”དྲོ་སྐྱིད་ལྡན་པའི་གཞི་གདན་དུ་འགྱུར་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།