གནམ་ས་བརྗེ་བ་ལྟ་བུའི་འཕོ་འགྱུར་རླབས་པོ་ཆེ་ཞིག
ད་ལོ་ནི་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་67འཁོར་བའི་ལོ་ཞིག་རེད། ལོ་ངོ་67གོང་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འགོ་ཁྲིད་དེ་དམངས་གཙོའི་བཅོས་སྒྱུར་བྱས་ཏེ་མུན་ནག་དང་། རུལ་སུངས། རྗེས་ལུས་བཅས་ཀྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་རྩ་མེད་དུ་བཏང་ནས་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་སྟེ་རྒྱལ་ཁབ་དང་། སྤྱི་ཚོགས། རང་ཉིད་ཀྱི་ལས་དབང་བཅས་ཀྱི་བདག་པོར་གྱུར་ཡོད། དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་གི་ཁྱབ་རྒྱ་ཆེ་ཤོས་དང་། གཏིང་ཟབ་ཤོས། རླབས་ཆེ་ཤོས་བཅས་ཀྱི་སྤྱི་ཚོགས་ཀྱི་འཕོ་འགྱུར་ཞིག་ཡིན་པ་དང་། དེའི་ཤུགས་རྐྱེན་ཟབ་མོས་ས་མཐོའི་མི་རིགས་ཁག་གི་བུ་ཕྲུག་ལ་ད་ལྟའང་ཕན་པ་ཐོབ་བཞིན་ཡོད།
བོད་རྙིང་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནི་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གདུག་རྩུབ་ཆེ་ཤོས་ཀྱི་ལམ་ལུགས་ཀྱི་གྲས་ཤིག་རེད། མི་འབོར་གྱི་5%ཡང་མ་ཟིན་པའི་མངའ་བདག་ཆེན་པོ་གསུམ་དང་དེའི་མངའ་ཚབ་པས་བོད་ཀྱི་རྨོ་ཞིང་དང་། འབྲོག་ར། ནགས་ཚལ། རི་ཀླུང་། ཆུ་བོ། གྲམ་ཐང་བཅས་དང་དེ་བཞིན་སྒོ་ཕྱུགས་མང་ཆེ་བ་བདག་གིར་བཟུང་བ་དང་། མི་འབོར་གྱི་95%བཟུང་བའི་ཞིང་བྲན་དང་བྲན་གཡོག་ལ་ཐོན་སྐྱེད་རྒྱུ་ཆ་དང་མི་ལུས་རང་དབང་མེད་པར་མི་རབས་ནས་མི་རབས་བར་བཤུ་གཞོག་དང་བྲན་དུ་བཀོལ་གྱི་ཡོད་པས“སྐད་ཆ་ཤོད་ཤེས་པའི་དུད་འགྲོ”ལྟ་བུར་བརྩི་བ་དང་། ཚེ་གང་དཀའ་སྡུག་ཁྲོད་འཚོ་བ་སྐྱེལ་དགོས་པས་ལ་རྒྱ་ཟེར་བ་མེད་ལ་འབྱུང་འགྱུར་ཟེར་བ་དེ་བས་མེད། མུན་ནག་དང་རུལ་སུངས་ཀྱི་སྤྱི་ཚོགས་ལམ་ལུགས་ཀྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཡུན་རིང་འཕེལ་མེད་རང་སོར་ལུས་ནས་མི་དམངས་རྣམས་དཀའ་སྡུག་ཚད་མེད་ཀྱི་གནས་སུ་ལྷུང་ཡོད།
བོད་ཀྱི་དམངས་གཙོའི་བཅོས་སྒྱུར་ནི་དཔྱིད་ཀྱི་འབྲུག་སྒྲ་བཞིན་ལོ་ངོ་སྟོང་གི་དར་ཁ་གཏོར་ནས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་བདག་པོའི་ས་ཞིང་དབང་བའི་ལམ་ལུགས་རྦད་དེ་མེད་པར་བཟོས་པ་དང་། ཞིང་བྲན་ལ་བཅིངས་པའི་མི་ལུས་གཞན་རྟེན་གྱི་ལྕགས་སྒྲོག་བཅད་དེ། རྒྱ་ཆེའི་ཞིང་བྲན་དང་བྲན་གཡོག་རྣམས་ཐེངས་དང་པོར་མགོ་བོ་མཐོན་པོར་བཏེགས་ཐུབ་ནས་རྒྱལ་ཁབ་དང་རང་ཉིད་ཀྱི་ལས་དབང་གི་བདག་པོར་གྱུར་ཡོད། དུས་དེ་ནས་བཟུང་ཁོང་ཚོར་རང་ཉིད་ལ་དབང་བའི་ས་ཞིང་དང་རྩྭ་ར་ཡོད་པ་དང་། སློབ་གསོ་དང་། སྨན་བཅོས། སྤྱི་ཚོགས་དོ་དམ་ནང་ཞུགས་པ་བཅས་ཀྱི་ཁེ་དབང་ཡོད་པས། ཐེངས་དང་པོར་རང་ཉིད་ཀྱི་ལས་དབང་ལ་སྟངས་འཛིན་ཐུབ་པ་དང་ཐེངས་དང་པོར་མི་ཞིག་གི་ལ་རྒྱ་ཚོར་ཐུབ་ཡོད།
འཕོ་འགྱུར་རླབས་པོ་ཆེ་འདིས་བོད་ཀྱི་སྤྱི་ཚོགས་ལམ་ལུགས་ཀྱི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་ཡོད། དེས་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་རྦད་དེ་གཏོར་ནས་བོད་ཧ་ཅང་རྗེས་ལུས་ཀྱི་སྤྱི་ཚོགས་རྙིང་པ་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གསར་པའི་སྒོ་མོ་ཆེན་པོར་བསྐྱོད་པར་སྣེ་ཁྲིད་དེ། བོད་ལྗོངས་བཀག་སྡོམ་དང་རུལ་སུངས་ཀྱི་ལམ་ལུགས་རྙིང་པའི་འཆིང་རྒྱ་ལས་རྦད་དེ་བསྒྲལ་ནས་རྒྱལ་ཁབ་དེང་རབས་ཅན་འཕེལ་རྒྱས་ཀྱི་གོམ་སྟབས་རྗེས་སུ་བསྙེགས་ཏེ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་གོམ་སྟབས་གཅིག་གྱུར་དང་ཕྱོགས་མཐུན་མདུན་སྐྱོད་ཐུབ་ཡོད།
འཕོ་འགྱུར་རླབས་པ་ཆེ་འདིས་བོད་ཀྱི་ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་དང་འཕེལ་རྒྱས་ཧ་ཅང་ཆེན་པོ་བཏང་སྟེ་ས་མཐོའི་དར་རྒྱས་གོང་འཕེལ་གྱི་ལེའུ་གསར་པ་ཞིག་བཏོད་ཡོད། ཡར་ལངས་ཞིང་བྲན་གྱིས་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་ནས་ཐོན་སྐྱེད་འཛུགས་སྐྲུན་ནང་ཞུགས་པ་དང་བོད་ཀྱི་བྱ་གཞག་ཁག་འཕེལ་མེད་སོར་གནས་ནས་བྱ་འཕུར་བ་ལྟར་མཆོང་སྐྱོད་བྱུང་ཡོད། ཚད་ལྡན་གྱི་གཞུང་ལམ་གཅིག་ཀྱང་མེད་པ་ནས་ད་ཆའི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བ་ཕྱོགས་བཞི་མཚམས་བརྒྱད་དུ་ཁྱབ་པའི་བར་དང་། ཡིག་རྨོངས་པ་95%ཟིན་པ་ནས་འོས་འགན་སློབ་གསོ་ཕྱོགས་ཡོངས་ལ་ཁྱབ་གདལ་བཏང་བའི་བར། སྨན་པ་དཀོན་ལ་སྨན་རྫས་ཉུང་བ་དང་འཆི་ཉེན་འཕྲད་པ་ནས་སྨན་བཅོས་འགན་ལེན་ཡོངས་སུ་ཁྱབ་པ་དང་། མི་རེའི་ཆ་སྙོམས་ཚེ་ཚད་ཧ་ཅང་རིང་དུ་སོང་བའི་བར་ལ་སོགས་ཀྱི་འགྱུར་ལྡོག་བྱུང་ཡོད། ལོ་67རིང་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད་ཅིང་། ལུང་སྟོང་དང་ས་རྒྱུ་ཞན་པ་ནས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བ་དང་། སྡུག་བསྔལ་གྱིས་བཅིངས་པ་ནས་བདེ་སྐྱིད་ཁམས་བཟང་བྱུང་བའི་བར་ཚང་མ་ནི་དམངས་གཙོའི་བཅོས་སྒྱུར་ལས་ཐོབ་པའི་གཡུར་དུ་ཟ་བའི་གྲུབ་འབྲས་རེད།
སྒྱུར་བཅོས་རླབས་པོ་ཆེ་འདིས་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་རྨང་གཞི་བརྟན་པོ་བཏིང་ཡོད། དེས་བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ཁ་ཕྲལ་ཕྱོགས་གཏོགས་ཀྱི་འཆིང་རྒྱ་ལས་རྦད་དེ་ཐར་ནས་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་དངོས་སུ་ཚོར་ཐུབ་པ་མ་ཟད། རྒྱལ་གཅེས་ཏང་གཅེས་དང་གཅིག་གྱུར་སྲུང་སྐྱོང་བྱ་རྒྱུ་དེ་ས་མཐོའི་བུ་ཕྲུག་གི་ཐུན་མོང་གི་དད་སེམས་སུ་གྱུར་ཡོད། དེང་གི་བོད་ལྗོངས་སུ་མི་རིགས་ཁག་གི་མང་ཚོགས་རྣམས་ཀྱིས་ཕན་ཚུན་ལྟ་སྐྱོང་དང་བདེ་སྡོད་ལས་བརྩོན་བྱས་པས། གངས་ལྗོངས་ས་མཐོའི་ས་ཕྱོགས་གང་སར་འཆམ་མཐུན་དར་རྒྱས་ཀྱི་རྣམ་པས་ཁེངས་བཞིན་ཡོད། བདེ་སྐྱིད་དེ་དག་གི་འགོ་འཛུགས་ས་ནི་ལོ་ངོ་67གོང་གི་ལག་ལེན་རླབས་པོ་ཆེ་དེ་རེད།
བགྲང་བྱ་67རིང་དཀའ་སྤྱད་མདུན་སྐྱོད་བྱས་པ་བརྒྱུད་གངས་ལྗོངས་ས་མཐོ་མི་ཡུལ་གསར་པ་ཞིག་ཏུ་གྱུར་ཡོད། བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱིས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་བཏང་བ་དང་བོད་ཀྱི་རྣམ་པར་འགྱུར་ལྡོག་བཏང་བ་མ་ཟད། ཀྲུང་གོ་གུང་ཁྲན་ཏང་གིས་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་ཐོག་མའི་བསམ་འདུན་དེ་བས་མངོན་གྱི་ཡོད། ལོ་རྒྱུས་ལ་ཕྱི་མིག་བལྟས་ཚེ། ང་ཚོས་དེ་བས་གཅེས་སྤྲས་བྱེད་དགོས་པ་རྟོགས་པ་དང་། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས་འབད་འབུངས་སྟོབས་བརྩོན་བྱ་རྒྱུ་ལས་ཐབས་གཞན་མེད། དུས་རབས་གསར་པའི་རྒྱང་ལམ་གསར་པར་འཕོ་འགྱུར་རླབས་པོ་ཆེ་འདིས་བཞག་པའི་སྙིང་སྟོབས་རྩ་ཆེན་གྱིས་ནམ་ཡང་བོད་ལྗོངས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་གོམ་ཞེང་ཆེན་པོས་མདུན་དུ་སྐྱོད་པར་ཁྲིད་སྟོན་བྱེད་ངེས་རེད།
འབྲེལ་ཡོད་གསར་འགྱུར།