གཞིས་རྩེ་གྲོང་ཁྱེར་གྱི་རྫོང་རིམ་པའི་ཀ་པ་རིམ་པ་གཉིས་པའི་མི་རིགས་གསོ་རིག་སྨན་ཁང་དང་པོ་བཙུགས་པ།
ཉིན་ཤས་གོང་། ངམ་རིང་རྫོང་སྨན་རྩིས་ཁང་གི་སྒོ་ར་ཆེ་མོའི་ནང་སྨན་དོན་པ་མཉམ་དུ་འཛོམས་ཤིང་། དར་གོས་དམར་པོ་ག་ལེར་ཕྱེ་བ་དང་བསྟུན་ནས“ཀ་པ་རིམ་པ་གཉིས་པའི་མི་རིགས་གསོ་རིག་སྨན་ཁང”ཞེས་པའི་སྒོ་བྱང་གསར་པ་ཞིག་རིམ་བཞིན་མངོན་པ་དེ་ཐོག་ནས་ངམ་རིང་རྫོང་སྨན་རྩིས་ཁང་དེ་ཉིད་གཞིས་རྩེ་གྲོང་ཁྱེར་དུ་ཀ་པ་རིམ་པ་གཉིས་པའི་མི་རིགས་གསོ་རིག་སྨན་ཁང་བཙུགས་པའི་རྫོང་རིམ་པའི་སྨན་རྩིས་ཁང་དང་པོར་གྱུར་པ་མཚོན་གྱི་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། ངམ་རིང་རྫོང་ནི་བྱང་ལུགས་བོད་ཀྱི་གསོ་བ་རིག་པའི་འབྱུང་གནས་ཀྱི་གྲས་ཤིག་ཡིན་པས་རིག་གནས་ཀྱི་ནང་དོན་ཟབ་མོ་ལྡན་ཡོད། 1994ལོར་ངམ་རིང་རྫོང་སྨན་རྩིས་ཁང་བཙུགས་ཚུན། བོད་ལུགས་གསོ་རིག་གི་ཁྱད་ལྡན་ལེགས་ཆ་འདོན་པ་མཐའ་འཁྱོངས་བྱེད་པ་དང་གཙོ་གནད་ཆེད་ཚན་འཛུགས་སྐྱོང་དང་བོད་སྨན་དོ་དམ་ལ་ཤུགས་སྣོན་བརྒྱབ་པ་མ་ཟད། ནད་ཐོག་སྨན་བཅོས་ཐད་གསེར་ཁབ་དང་། མེ་བཙའ། ལུམས། གཏར་ཁ། མེ་བུམ། མགོ་ལུམས། བྱུག་པའི་བཅོས་ཐབས་སོགས་བོད་ལུགས་གསོ་རིག་གི་ཁྱད་ལྡན་ལག་རྩལ་21རྒྱ་ཁྱབ་ངང་སྤྱད་པས། བོད་ལུགས་གསོ་རིག་གི་སྨན་བཅོས་ལ་བརྟེན་ནས་དྲག་སྐྱེད་བྱུང་ཚད་95%ཡན་རྒྱུན་འཁྱོངས་ཐུབ་ཡོད།
“ཉེ་བའི་ལོ་གསུམ་རིང་། ང་ཚོའི་སྨན་ཁང་གིས་ལོར་ཆ་སྙོམས་མི་ཐེངས་5810ལ་བོད་ལུགས་གསོ་རིག་གི་ཁྱད་ལྡན་བཅོས་ཐབས་ལག་ལེན་བསྟར་བ་དང་བོད་ལུགས་གསོ་རིག་གིས་སྨན་བཅོས་བྱེད་ཚད་95%ཡན་ཟིན་ལ། ནད་པ་སྤྱི་ཡོངས་ཀྱིས་སྨན་བཅོས་ཞབས་ཞུར་བློ་ཡིད་ཚིམ་ཚད་98.3%ཡན་ཟིན་ཡོད”ཅེས་ངམ་རིང་རྫོང་སྨན་རྩིས་ཁང་གི་ཡོན་ཀྲང་གཞོན་པ་བུ་ཆུང་གིས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། བྱང་ལུགས་བོད་ཀྱི་གསོ་བ་རིག་པའི་ནང་དོན་ཟབ་མོར་གཞི་ཚུགས་ཏེ། ངམ་རིང་རྫོང་གིས་སྲུང་སྐྱོང་དང་། རྒྱུན་འཛིན། དར་སྤེལ། འཕེལ་རྒྱས་བཅས་གཏོང་ཤུགས་ཆེ་རུ་བཏང་བས་བོད་ལུགས་གསོ་རིག་བྱ་གཞག་ལ་འཕེལ་རྒྱས་གསར་པ་དང་ཚད་བརྒལ་གསར་པ་བྱུང་ཡོད། 2024ལོར་མ་དངུལ་སྒོར་ཁྲི་120བཏང་ནས་ལག་བྲིས་སྨན་ཐང་83བཞེངས་པ་དང་། མ་དངུལ་སྒོར་ཁྲི་50བཏང་ནས《ངམ་རིང་བོད་ལུགས་གསོ་རིག་གི་འཕེལ་རྒྱས་ལོ་རྒྱུས》རྩོམ་སྒྲིག་དཔེ་སྐྲུན་བྱས་པ་མ་ཟད། སྲོལ་རྒྱུན་གྱི་སྨན་བཏུལ་རྡོ་གཞོང་དང་གནའ་དཔེའི་ཚད་ལྡན་ཡིག་ཆ་སྣ་ཚོགས་སྔོག་འདོན་དང་བསྡུ་རུབ་ཀྱང་བྱས་ནས་བྱང་ལུགས་བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས་རིག་གནས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པར་ལེགས་སྐྱེས་ཕུལ་ཡོད།
འབྲེལ་ཡོད་གསར་འགྱུར།