བྱེད་ཐབས་བཟང་པོའི་ལས་སྟེགས་ཀྱིས། དམངས་ཀྱི་སེམས་ཁྲལ་ཡོངས་སུ་བསལ།
ལྷ་ས་གྲོང་ཁྱེར་དོག་སྡེ་ཁྲོམ་གཞུང་དར་རྒྱས་སྡེ་ཁུལ་གྱིས་བློ་གཅིག་སེམས་གཅིག་གིས་དམངས་ཀྱི་ཁུལ་ཆུང་རྙིང་པ་སྒྱུར་བཀོད་ཀྱི་དཀའ་གནད་སེལ་བ།
དར་རྒྱས་སྡེ་ཁུལ་གྱི་ཁུལ་ཆུང་རྙིང་པ་སྒྱུར་བཀོད་ལས་གྲྭ་སྤེལ་འགོ་ཚུགས་པ་ནས་བཟུང་། གྲོང་མི་ཚོས་རེ་སྒུག་བྱེད་ལ་སེམས་ཁྲལ་ཡང་ཆེན་པོ་བྱེད་ཀྱི་ཡོད། རེ་སྒུག་བྱེད་པ་ནི་སྡོད་གནས་ཁོར་ཡུག་ལེགས་སུ་འགྲོ་གྲབས་ཡོད་པ་དང་། སེམས་ཁྲལ་བྱེད་པ་ནི་སྒྱུར་བཀོད་བརྒྱུད་རིམ་ལས་བྱུང་བའི་རྙོག་དྲ་སྣ་ཚོགས་རེད།
“མདོང་ལམ་གྱི་མཐིལ་དུ་ཨར་འདམ་མ་བཏིང་ན་དུས་ཚོད་རིང་པོ་སོང་རྗེས་བརྟན་པོ་ཡོང་ཐུབ་བམ” “བཙོག་ཆུའི་མདོང་ལམ་ཡུན་རིང་མ་མཐུད་ན་དྲི་ངན་གྱིས་སྒེའུ་ཁུང་ཡང་ཕྱེ་ནུས་ཀྱི་མི་འདུག” “གང་སར་ས་དོང་འདྲུས་ན་རྒན་རྒོན་དང་ཕྲུ་གུ་ཚོ་ཕྱིར་འགྲོ་སྐབས་ཉེན་ཁ་ཆེན་པོ་འདུག” “ངའི་ཁྱིམ་གྱི་སྒོ་རྩར་ས་རྡོ་སྤུངས་ན་ལས་ཀར་འགྲོ་སྐབས་ལམ་བསྐོར་ནས་འགྲོ་དགོས་ཀྱི་འདུག”ཞེས་པ་སོགས་གྲོང་མིའི་སེམས་ནད་དག་སྡེ་ཁུལ་གྱི་དྲ་མིག་པས་གཅིག་རྗེས་གཉིས་མཐུད་ངང་ཤེས་རྟོགས་བྱུང་ཡོད།
དར་རྒྱས་སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་འཇམ་དབྱངས་སྒྲོལ་མས་འདྲི་རྟོག་བྱེད་རིང་ཤེས་རྟོགས་བྱུང་བར། གྲོང་མིས་བཏོན་པའི་གནད་དོན་གཙོ་བོ་ཕྱོགས་བཞི་ཡོད་པ་སྟེ། མདོང་ལམ་གྱི་མཐིལ་དུ་ཨར་འདམ་བཏིང་མེད་པ་དང་། བཙོག་ཆུའི་མདོང་ལམ་མཐུད་མེད་པའི་རྐྱེན་གྱིས་གང་སར་དྲི་ངན་བྲོ་བ། ཨར་ལས་བྱ་ཡུལ་དུ་མི་མི་འདང་བ་དང་བདེ་འཇགས་འགོག་སྲུང་མེད་པ། ཁང་བདག་གི་སྒོ་རྩར་ས་རྡོ་སྤུངས་ནས་བགྲོད་ལམ་བཀག་པ་བཅས་རེད། གནད་དོན་དེ་དག་ཕར་བལྟས་ན་དེ་ཙམ་གྱིས་ཆེན་པོ་མེད་ཀྱང་ཚང་མ་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པས་གྲོང་མིའི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི“སེམས་ནད”ཅིག་ཏུ་གྱུར་ཡོད།
མང་ཚོགས་ལ་རེ་འབོད་ཡོད་ན་སྡེ་ཁུལ་གྱིས་ཨ་ལན་སློག་དགོས། དར་རྒྱས་སྡེ་ཁུལ་གྱིས“གཞི་རིམ་ལ་ཞབས་འདེགས་ཞུ་བའི་བྱེད་ཐབས་ཆུང་ངུ་དྲུག”གི་གྲོས་མོལ་ལས་སྟེགས་ཆུང་ཆུང་ལ་བརྟེན་ནས་གྲོང་མི་དང་། ཨར་སྐྲུན་ཕྱོགས། གཙོ་གཉེར་སྡེ་ཚན་བཅས་ལ་ངོ་ཐུག་གདོང་འཕྲད་ཀྱིས་འབྲེལ་གཏུག་བྱེད་པའི་འབྲེལ་ཟམ་འཛུགས་རྒྱུའི་གཏན་འཁེལ་བྱས་པ་རེད།
གྲོས་མོལ་ཚོགས་འདུར་དར་རྒྱས་སྡེ་ཁུལ་གྱིས་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་གྲོང་མིའི་འཐུས་མིས་རེ་ཞུ་གོང་ལ་ཞུ་བར་ཁྲིད་སྟོན་བྱས་པ་དང་། ཨར་སྐྲུན་ཕྱོགས་དང་། སྡོད་ཁང་འཛུགས་སྐྲུན་ཅུས། སྡེ་ལས་བཅས་ཀྱིས་ཁག་སོ་སོར་ལན་བཏབ་ནས་དག་ཐེར་གྱི་རྣམ་འགྱུར་དང་། བླང་བྱ། གཞོགས་འདེགས་ཀྱི་འགན་འཁྲི་བཅས་ཁ་གསལ་བཟོས་པ་རེད། གྲོས་མོལ་བྱས་པ་བརྒྱུད། ཨར་སྐྲུན་ཕྱོགས་ཀྱིས་གཟའ་འཁོར་གཅིག་ནང་ཚང་མ་བཅོས་སྒྲིག་བྱ་རྒྱུའི་ཁས་ལེན་བྱས་པའི་ནང་མདོང་ལམ་གྱི་མཐིལ་དུ་ཨར་འདམ་འདིང་བ་དང་། བཙོག་ཆུའི་མདོང་ལམ་མཐུད་པ་དང་འབྲེལ་ཆུ་སྦུག་གཙང་སེལ་བྱེད་པ། ཨར་ལས་མི་སྣ་མང་དུ་གཏོང་བ་དང་བདེ་འཇགས་འགོག་སྲུང་ཡག་པོ་བྱེད་པ། སྒོ་རྩའི་ས་ཕུང་གཙང་སེལ་བྱེད་པ་བཅས་ཚུད་ཡོད།
ཚོགས་འདུ་གྲོལ་རྗེས་ཀྱི་ཉིན་གཉིས་པར་ཨར་སྐྲུན་ཕྱོགས་ཀྱིས་ལས་སྒྲུབ་ཚོགས་ཆུང་གསར་པ་ལས་གནས་སུ་མངགས་ཤིང་། གསར་འགོད་པས་ས་གནས་ས་ཐོག་ཏུ་ཨར་པོ་བ་ཚོས་ཆུ་སྦུག་གི་མཐིལ་དུ་ཨར་འདམ་འདིང་བཞིན་ཡོད་པ་མཐོང་བྱུང་ལ་བཙོག་ཆུའི་མདོང་ལམ་མཐུད་རྗེས་སྣ་ཁུག་ཚ་ཤུར་རྒྱག་པའི་དྲི་ངན་མངོན་གསལ་དོད་པོས་ཡལ་བ་ཡང་ཚོར་བྱུང་། ཁུལ་ཆུང་ནང་གི་སྔོག་འདོན་ས་ཁོངས་ཚང་མར་འགོག་སྲུང་ར་བ་བསྐོར་བ་དང་ཉེན་བརྡའི་བྱང་བུ་བསྒར་བས་གྲོང་མིའི་ཕྱིར་སྐྱོད་བདེ་འཇགས་ལ་འགན་ལེན་ཐུབ་ཡོད།
སྡེ་ཁུལ་གྱི་ལས་དོན་མི་སྣས་ཉིན་ལྟར་ས་གནས་ས་ཐོག་ཏུ་དག་ཐེར་གྱི་འཕེལ་རིམ་ལ་རྗེས་སྙེགས་དང་པར་ལེན་ཟིན་ཐོ་འགོད་པ་དང་འབྲེལ་དྲ་མིག་ཚོགས་པ་བརྒྱུད། གྲོང་མིར་དུས་ཐོག་ཏུ་བརྡ་ཁྱབ་གཏོང་གི་ཡོད། “སྔ་དྲོ་ཨར་འདམ་བཏིང་ཟིན” “བཙོག་ཆུའི་མདོང་ལམ་མཐུད་ཟིན”“འགོག་སྲུང་སྒྲོམ་བསྒར་ཟིན”ལ་སོགས་གནས་ཚུལ་རེ་རེ་ལས་གྲོང་མིའི་སེམས་རྣལ་དུ་ཕབ་ཡོད།
འཇམ་དབྱངས་སྒྲོལ་མས་ངོ་སྤྲོད་བྱས་པར། ད་ཐེངས་ཀྱི་ལག་ལེན་ནི“གཞི་རིམ་ལ་ཞབས་འདེགས་ཞུ་བའི་བྱེད་ཐབས་ཆུང་ངུ་དྲུག”གི་ལས་དོན་ཁྲོད“ལས་སྟེགས་ཆུང་ཆུང”གིས་ནུས་པ་ཐོན་པའི་བསྡུས་རིས་ཤིག་རེད། ཕྱོགས་མང་གི་གྲོས་མོལ་ཐབས་ལམ་བཏོད་དེ་འབྲེལ་གཏུག་གི་དཀའ་གནད་སེལ་བ་བརྒྱུད། གྲོང་མིར་སྐད་ཆ་ཤོད་ས་ཡོད་པ་དང་། ཨར་སྐྲུན་ཕྱོགས་ལ་དག་ཐེར་གྱི་གནོན་ཤུགས་ཡོད་པ། གཙོ་གཉེར་སྡེ་ཚན་ལ་ལྟ་སྡོམ་གྱི་དམ་འཛིན་བྱ་གཞི་ཡོད་པ་བཅས་ལས“དོན་ཆུང་དྲ་མིག་ནས་ཐག་གཅོད་ཐུབ་པ་དང་དཀའ་གནད་སྡེ་ཁུལ་ནས་ཐག་གཅོད་ཐུབ་པ”དངོས་འབྲེལ་བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།