ཀྲང་གོ་ཆིང་གིས་ཀྲུང་གོ་ཡར་ཀླུང་གཙང་པོ་ཚོགས་པར་བརྟག་ཞིབ་གནང་བ།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིང་གིས། ཚེས་10ནས་12ཉིན་བར་བོད་ལྗོངས་ཉིང་ཁྲིར་ཀྲུང་གོ་ཡར་ཀླུང་གཙང་པོ་ཚོགས་པ་བཙུགས་ནས་གཉེར་སྐྱོང་དང་ཡར་སྨད་ཆུ་ཤུགས་ལས་གྲྭ་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།
ཀྲང་གོ་ཆིང་སྔ་རྗེས་སུ་ལས་གྲྭའི་ལས་ཡུལ་དང་ཚོགས་པའི་སྤྱི་ཁྱབ་པུའུ་རུ་ཕེབས་ནས་ཨར་ལས་ཀྱི་འཕེལ་རིམ་དང་། སྒྲིག་ཆས་འཁོར་སྐྱོད། ལས་གྲྭ་བཀོད་གཏོང་། ཀུང་སིའི་དོ་དམ། འཚོ་བའི་འགན་ལེན་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་གནང་བ་དང་འབྲེལ། ལག་རྩལ་རྐང་འཛིན་པ་དང་ཨར་ལས་མི་སྣའི་དབར་སྤེལ་རེས་ཀྱང་གང་ལེགས་གནང་བ་རེད། ཁོང་གིས། ཡར་ཀླུང་གཙང་པོ་ཚོགས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པ། ལོ་རྒྱུས་དང་མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་ལས་གྲྭ་འཛུགས་སྐྲུན་གྱི་བྱེད་པོའི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་བཅས་བྱས་ཏེ། ཡར་སྨད་ཆུ་ཤུགས་ལས་གྲྭ་དེ་དུས་རབས་གསར་པའི་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་གལ་ཆེན་ཞིག་ཏུ་སྐྲུན་དགོས་པ་དང་། སྤུས་ཚད་སྔོན་འཇོག་དང་བདེ་འཇགས་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ལས་གྲྭ་འཛུགས་སྐྲུན་གྱི་ཚད་གཞི་ཚད་ལྡན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བླང་བྱ་དོན་འཁྱོལ་ནན་པོ་བྱེད་པ། ལས་གྲྭའི་ཇུས་འགོད་དང་། ཨར་ལས་སྒྲིག་འཛུགས། རྒྱུ་ཆ་མཁོ་སྤྲོད་སོགས་བརྒྱུད་རིམ་ཧྲིལ་པོའི་སྤུས་ཚད་ལ་དོ་དམ་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་རྒྱག་པ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་བྱེད་ཐབས་ནན་དུ་གཏོང་བ་བཅས་བྱས་ནས་མྱུར་ཚད་འདི་ཉིད་སྤུས་ཚད་དང་བདེ་འཇགས་ལ་བསྟུན་ཐུབ་པའི་འགན་ལེན་བྱེད་དགོས།
ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཀུང་སིའི་གཉེར་སྐྱོང་དོ་དམ་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ། རིག་ནུས་ཅན་གྱི་བཀོད་འདོམས་བཀོད་གཏོང་མ་ལག་དང་མཐིལ་རྟོགས་ལྟ་སྐུལ་མ་ལག་འཛུགས་པ། ཚན་རིག་དང་མཐུན་ལ་ཕན་འབྲས་ཆེ་བའི་འཁོར་སྐྱོད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཐོན་ཁུངས་མ་དངུལ་ལེགས་བསྡུས་ཚད་ལྡན་ངང་སྤྱོད་པ་བཅས་བྱས་ནས་སྤྱོད་གཙང་ལས་གྲྭ་གཏོད་དགོས། འབྲེལ་ཡོད་ཕྱོགས་ཁག་གིས་བསམ་ཇུས་གཅིག་གི་བསམ་བློར་ཤུགས་སྣོན་བརྒྱབ་ནས་ལས་གྲྭ་འཛུགས་སྐྲུན་དང་ཀུང་སིའི་གཉེར་སྐྱོང་ལ་རྒྱབ་སྐྱོར་དང་འགན་ལེན་ནུས་ལྡན་བྱས་ཏེ། ཐུན་མོང་ཐོག་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བ་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
བརྟག་ཞིབ་གནང་རིང་། ཀྲང་གོ་ཆིང་ད་དུང་ཉིང་ཁྲིའི་མེ་ཟོན་རོགས་སྐྱོབ་འཕྲལ་སྒྲུབ་ཉིང་ལག་རུ་ཁག་ཏུ་ཕེབས་ཏེ་དཔུང་ཁག་འཛུགས་སྐྱོང་དང་ཨར་ལས་བདེ་འཇགས་འགན་ལེན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས་ས་མཐོའི་རྙོག་འཛིང་ཆེ་བའི་ཁོར་ཡུག་གི་འཕྲལ་སྡོམ་རོགས་སྐྱོབ་འགག་སྒྲོལ་གྱི་ནུས་པ་ཆེ་རུ་གཏོང་རྒྱུར་དམིགས་ནས་རྒྱུན་རྣམ་ཅན་གྱི་དངོས་འཐབ་བྱེད་པ་དང་། སྤྱོད་གོ་ཆོད་པའི་སྒྲིག་ཆས་སྤྱོད་པ། བརྡ་ལན་ཧུར་ཐག་ཞུ་བ་དང་རོགས་སྐྱོབ་ནུས་ལྡན་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།