“ལྗོན་ཤིང་མེད་པའི་གྲོང་ཁྱེར”དུ་ལྕང་འཛུགས་བྱེད་པའི་བརྒྱུད་རིམ།
ཆ་སྙོམས་ས་བབ་སྨི་4500ཟིན་པའི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་ནི་དེ་སྔ་རང་རྒྱལ་གྱི་ལྗོན་ཤིང་མེད་པའི་ས་ཁུལ་རིམ་པའི་གྲོང་ཁྱེར་གཅིག་པུ་དེ་ཡིན་པ་དང་། བཀྲ་ཤིས་དང་ཁོང་གི་ལས་རོགས་ཚོས་ལོ་20ལྷག་ཙམ་རིང་ལས་གནས་བརྟན་སྲུང་བྱས་མཐར་ལྕང་མ་རེ་རེ་བཞིན་སྐྱེ་མཚར་བྱུང་བ་རེད།
ད་ཆ་འདེབས་འཛུགས་བྱས་པའི་སྡོང་ཕྲུག་ཚང་མ་དགུན་ཁ་འཁྱོལ་ནས་ཆ་སྙོམས་གསོན་ཚད་75%ལྷག་ཙམ་ཟིན་ཡོད། ནག་ཆུའི་ཁྲོམ་གཞུང་དུ་སྔོ་ཐིང་ཐིང་དུ་གྱུར་བའི་ལྕང་མའི་ཡལ་ག་དེ་དག་ལས་གྲོང་ཁྱེར་དེའི་ལྗང་མདོག་འཕོ་འགྱུར་གྱི་འབད་འཐབ་ལོ་རྒྱུས་མཚོན་བཞིན་ཡོད།
ད་ཕན་ལོ་ཤས་རིང་ནག་ཆུས་ལྗོན་ཤིང་འདེབས་པར་འཚམ་པའི་སྤྱི་གླིང་གི་སྤང་ལྗོངས་དང་། ལས་ཁུངས་དང་ཚན་པ། ཚོད་འདེབས་རྟེན་གཞི་བཅས་སུ་རིམ་རྩིས་བརྒྱབ་ན་སྡོང་ཕྲུག་ཁྲི་10ལྷག་ཙམ་ཚོད་འདེབས་དང་ཤིང་སོན་ཁྲི་6བཙུགས་པ་རེད།
བློ་གཤོགས་ཆེན་པོ། “ལྗོན་ཤིང་མེད་པའི་གྲོང་ཁྱེར”དུ་འཚོལ་ཞིབ་ཐོག་མ་དེ་བྱས་པ།
བཀྲ་ཤིས་ནི་ནག་ཆུ་གྲོང་ཁྱེར་ཚན་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཡིན་པ་དང་ཤིང་འཛུགས་ནང་ཞུགས་ནས་ལོ་22སོང་ཞིང་། 2004ལོར་ཁོང་ལྷོ་ནུབ་ཞིང་ལས་སློབ་ཆེན་གྱི་ས་ཆུ་སྲུང་འཛིན་དང་ཐང་རྒོད་ཅན་འགོག་བཅོས་ཆེད་ལས་ནས་སློབ་མཐར་ཕྱིན་ཏེ་ནག་ཆུ་གྲོང་ཁྱེར་ཚན་རྩལ་ཅུས་སུ་སླེབས། སྐབས་དེ་དུས་ཁོང་གིས་ཀྱང“ལྗོན་ཤིང་མེད་པའི་གྲོང་ཁྱེར”དུ་ལྕང་མ་གསོན་ཐུབ་མིན་ཐད་ཐེ་ཚོམ་སྐྱེས་མྱོང་།
ཁོང་གིས་བརྟག་ཞིབ་བྱས་པའི་རི་མཐོའི་རྒྱ་ལྕང་དེ་ནི་ལོ་3གྱི་གོང་དུ་བཏབ་པ་ཞིག་ཡིན་ཞིང་། བར་ཐག་མི་རིང་བའི་སར་བཏབ་པའི་ལོ་དགུར་སླེབས་པའི་གསོམ་ཤིང་དེ་ད་ཆ་རིང་ཚད་སྨི་3ཙམ་ཟིན་ཡོད། བཀྲ་ཤིས་ཀྱིས“སྐབས་དེ་དུས་ལྗོན་ཤིང་འདེབས་དོན་ནི་ཞིབ་འཇུག་རྣམ་གྲངས་ལ་དཔྱད་གཞི་མཁོ་འདོན་བྱ་ཆེད་ཡིན”ད་ཆ་ལས་ཁུངས་ཀྱི་སྒོ་རའི་ནང་སྡོང་རྐང་260ལྷག་ཙམ་ཡོད་ཅེས་བཤད།
བཀྲ་ཤིས་ཀྱིས“དང་ཐོག་མ་ངས་ཀྱང་ལྗོན་ཤིང་འདེབས་སྟངས་ཤེས་ཀྱི་མེད”ལས་ཀར་ཞུགས་མ་ཐག་བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས་ནག་ཆུར་རྣམ་གྲངས་བཙུགས་ནས་ནག་ཆུ་ས་ཁུལ་གྱི་ལྗོན་ཤིང་ནང་འདྲེན་ལག་རྩལ་གྱི་ཞིབ་འཇུག་རྣམ་གྲངས་ལག་ལེན་བསྟར་བ་དང་ཀྲུང་གོ་ཚན་རིག་ཁང་རྩི་ཤིང་ཞིབ་འཇུག་སུའོ་དང་བོད་རང་སྐྱོང་ལྗོངས་ནགས་ཤིང་ཚན་རིག་ཞིབ་འཇུག་ཁང་གི་རིགས་གཅིག་མཁས་ཅན་གདན་དྲངས་ནས་ལྗོན་ཤིང་འདེབས་སྟངས་མཛུབ་ཁྲིད་བྱས་པ་རེད་ཅེས་བཤད།
ནག་ཆུར་ལྗོན་ཤིང་འདེབས་རྒྱུ་ནི་ལས་སླ་པོ་ཞིག་གཏན་ནས་མིན། 2006ལོ་ནས་བཟུང་ནག་ཆུས་ཚན་རྩལ་ལ་བརྟེན་ནས་ལྗོན་ཤིང་འདེབས་རྒྱུའི་ཚོད་ལྟ་བྱས་པ་དང་འབྲེལ། བརྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་རྗེས་ལྗོན་ཤིང་དེ་དག་ལ་ལོ་ལྟར་བདག་སྐྱོང་ཡག་པོ་བྱེད་དགོས་ཤིང་། འདེབས་པ་ནི་གོམ་པ་དང་པོ་སྤོས་པ་ཙམ་ཡིན་ལ་གསོན་ཐབས་བྱ་རྒྱུ་དེ་དཀའ་གནད་ཅིག་རེད།
ཆུ་རྒྱག་པ་དང་། ལུད་རྒྱག་པ། རླུང་འགོག་པ། གྲང་ངར་འགོག་པ་ལ་སོགས་ལས་རིམ་ཚང་མ་ཆད་ལུས་མེད་པ་དང་ལས་དོན་ཚང་མ་གནམ་གཤིས་འགྱུར་ལྡོག་མ་ཕྱིན་གོང་ནས་སྒྲུབ་དགོས་ཀྱི་ཡོད།
ཚན་རྩལ་ཅུས་ཀྱིས་ལག་རྩལ་དང་ཐབས་ལམ་འཚོལ་ཞིབ་བྱེད་པ་དང་དུས་མཚུངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ཀྱང་གོམ་སྟབས་གཅིག་མཚུངས་ངང་ཤུགས་རྒྱག་དགོས་ཀྱི་ཡོད། 2008ལོར་མ་དངུལ་སྒོར་ཁྲི་40བཏང་བ་དང་ས་ཁྱོན་མུའུ་12བཟུང་བའི་རྟེན་གཞི་ཨང་1པོ་བསྐྲུན་ཟིན་ནས་གཙོ་བོ་གཞི་ཁྱོན་རང་བཞིན་གྱི་ཚོད་འདེབས་འདེམས་གསོའི་ལས་དོན་སྤེལ་ཐོག་སྐྱེ་འཚར་ལ་འཚམ་པའི་ཤིང་སོན་འཚོལ་བསྡུ་དང་ཉར་ཚགས་བྱས་པ་རེད། 2016ལོར་ས་ཁྱོན་མུའུ་15ལྷག་ཙམ་འཆར་འགོད་བྱས་པའི་ཚོད་འདེབས་རྟེན་གཞི་ཨང་2པ་དེ་བསྐྲུན་ཟིན་ནས་གཅིག་སྡུད་ཡུག་འབྲེལ་གྱི་ཚོད་འདེབས་དང་ཤིང་སོན་འཛུགས་འགོ་ཚུགས་ཡོད།
2017ལོའི་ཟླ་6པར། ཚན་རྩལ་པུས་བོད་ལྗོངས་ནག་ཆུ་ས་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཤིང་འཛུགས་འགག་རྩའི་ལག་རྩལ་ཞིབ་སྤེལ་དང་སྔོ་འགྱུར་དཔེ་དབྱིབས་ཀྱི་དཔེ་སྟོན་རྣམ་གྲངས་བཙུགས་པ་དང་། སྐྱེ་ཁམས་སླར་གསོའི་ཁེ་ལས་ཀྱིས་རྒྱལ་ནང་གི་ཚན་ཞིབ་ཞིབ་འཇུག་སུའོ་དང་མཉམ་དུ་ནག་ཆུའི་ས་བབ་མཐོ་བའི་གྲོང་ཁྱེར་དང་གྲོང་རྡལ་དུ་ཚན་རྩལ་ལ་བརྟེན་ནས་ལྗོན་ཤིང་འདེབས་པའི་འགག་སྒྲོལ་བྱེད་འགོ་ཚུགས།
དེ་ནས་བཟུང་ནག་ཆུར་ལྗོན་ཤིང་འདེབས་པའི་ས་རྒྱུ་དང་། གནམ་གཤིས། སྐྱེ་དངོས་ཕྲ་རབ། ཤིང་སོན་སོགས་ལ་དམིགས་པའི་བརྒྱུད་རིམ་ལྡན་པའི་ཚན་རིག་ཞིབ་འཇུག་ཁྱོན་ཡོངས་ནས་བྱེད་འགོ་ཚུགས།
འགག་སྒྲོལ། ལྗོན་ཤིང་དགུན་སྒྲོལ་གྱི“འགག་སྒོ་ཆེན་པོ་ལྔ”ལས་བསྒྲལ་བ།
ནག་ཆུར་གནམ་གཤིས་འགྱུར་ལྡོག་ཆེ་བས་ཤིང་སོན་སྐྱེ་འཚར་ཐད་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད། བཀྲ་ཤིས་ཀྱི་སེམས་ལ་གསལ་པོར་ངེས་དོན། 2019ལོའི་ཟླ་9པའི་མཚན་མོ་ཞིག་ལ་རྣམ་ཀུན་དང་མི་འདྲ་བའི་དྲོད་ཚད་དམའ་བས་ལས་ཀར་འགྲོ་སྐབས་ཁོང་གིས་སྒོ་རའི་ནང་གི་ལྗོན་ཤིང་དང་སྤང་སྟེང་དུ་བ་མོས་བཀླུབས་པ་མཐོང་།
ཁོང་འཕྲལ་མར་རྣམ་གྲངས་རྟེན་གཞིར་བསྐྱོད་དེ་སྡོང་རྐང་རེ་རེ་བཞིན་ལ་བལྟས་པ་ན་སྟབས་ལེགས་པར་དྲོད་ཁང་ནས་སྤོས་མ་ཐག་པའི་ཤིང་སོན་ཁ་ཤས་ཕུད་ཕལ་ཆེ་བར་སྐྱོན་ཆེན་པོ་བྱུང་མེད་པ་རེད།
བཀྲ་ཤིས་ཀྱིས“ནག་ཆུར་ལྗོན་ཤིང་འདེབས་པར་ངེས་པར་དུ་ཚན་རིག་དང་མཐུན་ལ་ནུས་ལྡན་གྱི་ལག་རྩལ་བྱེད་ཐབས་ལ་བརྟེན་དགོས་ཀྱི་ཡོད”ཅེས་བཤད།
ཚན་ཞིབ་དཔུང་ཁག་གིས་བསྡུར་བ་དང་ཞིབ་འཇུག་བྱས་པ་བརྒྱུད་ལྗོན་ཤིང་དེ་དག་ལ་ཡང་ས་བབ་མཐོ་བའི་ས་ཁུལ་ནས“ལ་དུག”ཕོག་གི་ཡོད་པ་ཤེས་པ་མ་ཟད། “ལ་དུག”དེ་རིགས་ནི་བྲང་ཁ་བསྡམས་པ་དང་མགོ་བོ་ན་བའི་ནད་རྟགས་མིན་པར“འགག་གནད་ཆེན་པོ་ལྔ”བརྒྱུད་དགོས་པ་སྟེ།
གཅིག་ནི། གནམ་གཤིས་གྲང་བས་སྐྱེ་འཚར་གྱི་དུས་འཁོར་ཐུང་བ་དང་།
གཉིས་ནི། ས་རྒྱུའི་དྲོད་ཚད་དམའ་བས་རྩྭ་བ་སྐྱེ་འཚར་ཞན་པ།
གསུམ་ནི། ས་རྒྱུ་ཞན་པས་ས་བཅུད་མི་འདང་བ།
བཞི་ནི། ལྷགས་པ་ཆེ་བས་ལྗོན་ཤིང་རླུང་སྐམ་ཐེབས་ནས་ཤི་སླ་བ།
ལྔ་ནི། གསོ་རླུང་དཀོན་པ་དང་སྨུག་ཕྱིའི་འོད་ཟེར་ཤུགས་ཆེ་བ་བཅས་རེད།
འགག་གནད་ཆེན་པོ་ལྔ་པོ་དེའི་འགག་གནད་གཅིག་གིས་ཀྱང་ཤིང་སོན་གྱི་སྐྱེ་འཚར་ལ་ཕོག་ཐུག་ཆེན་པོ་ཐེབས་སྲིད་ལ། ནག་ཆུའི་ལྗོན་ཤིང་དེ་དག་ཀྱང་དུས་མཚུངས་སུ་འགག་གནད་ཆེན་པོ་ལྔ་སྒྲོལ་དགོས་ཀྱི་ཡོད།
རྣམ་གྲངས་དཔེ་སྟོན་རྟེན་གཞིར་སྒྲིག་ཆས་སྣ་ཚོགས་གང་སར་མཐོང་རྒྱུ་ཡོད་ཅིང་། དྲོད་ཚད་དམའ་བའི་སྐབས་དགུན་སྒྲོལ་གྱི་རླངས་འགྱུར་གཏོར་ཆས་མ་ལག་སྤྱད་དེ་ལྗོན་ཤིང་ལ་བཞའ་ཚན་སྤྲོད་པ་དང་དྲོད་སྲུང་བ་དང་། སྐྱེ་དངོས་ཕྲ་རབ་ཀྱི་སྨན་རྫས་ཀྱིས་ལྗོན་ཤིང་ལ་འཚོ་བཅུད་སྦྱིན་པ། ཐོག་མེད་རྣམ་པའི་དྲོད་ཁང་གིས་ཤིང་སོན་སྐྱེ་འཚར་ལ་མཁོ་བའི་དྲོད་ཚད་སྦྱིན་པ་དང་འོད་འཕྲོ་ཐུབ།
ལྗོན་ཤིང་ཅི་འདྲ་ཞིག་བཏབ་ཀྱང་དེར་ཚན་རྩལ་གྱིས་འདེཌ་སྐྱོར་བྱེད་དགོས་ཀྱི་ཡོད། ཚན་ཞིབ་དཔུང་ཁག་གིས་མངའ་རིས་དང་ལྷ་ས་སོགས་ནག་ཆུའི་སྐྱེ་ཁམས་དང་འདྲ་མཚུངས་ཀྱི་ས་ཁུལ་ནས་ཤིང་སོན་ནང་འདྲེན་བྱས་ཏེ། ལྡོག་འགོག་རང་བཞིན་ཤུགས་ཆེ་བའི་ཤིང་སོན་54ཡི་ཁྲོད་ནས་གདམ་གསེས་དང་གསོ་སྤེལ་ཡང་ཡང་བྱས་པ་བརྒྱུད་མཐར་གསོམ་ཤིང་དང་། རི་མཐོའི་རྒྱ་ལྕང་། སྤེན་མ་ནག་པོ་སོགས་ཤིང་སོན་8བདམས་པ་རེད།
གཞི་ཚུགས་པ། ལྗོན་ཤིང་གསོན་ཐུབ་པ་ནས་ཡག་པོ་འདེབས་པའི་ཕྱོགས་སུ་སྐྱོད་པ།
བཀྲ་ཤིས་ཀྱིས་སྡོང་ཕྲུག་ལ་ཆུ་རྒྱག་གིན“དེ་སྔ་ང་ཚོས་ལྗོན་ཤིང་གསོན་ཐུབ་མིན་ལ་བསམ་བློ་གཏོང་བ་དང་ད་ཆ་ལྗོན་ཤིང་དེ་དག་སྐྱེ་འཚར་ཡག་པོ་ཐུབ་ནས་གྲོང་ཁྱེར་དང་གྲོང་རྡལ་ལ‘ལྗང་མདོག’མང་ཙམ་སྣོན་པའི་ཐད་བསམ་བློ་གཏོང་གི་ཡོད”ཅེས་བཤད།
ནག་ཆུའི་སྡེ་ཚན་མང་པོའི་མཉམ་འབྲེལ་སྐུལ་འདེད་འོག་ནག་ཆུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ཤིང་འཛུགས་ཉམས་མྱོང་ཁྱབ་གདལ་གཏོང་བཞིན་ཡོད། 2015ལོ་ནས་2025ལོ་བར་ནག་ཆུའི་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་ཁྲི་2000ལྷག་ཙམ་བཏང་ནས་ནག་ཆུ་གྲོང་ཁྱེར་གྱི་ཆ་རྐྱེན་ཅུང་ལེགས་པའི་ས་ཁོངས་སུ་ལྗོན་ཤིང་བཙུགས་པ་རེད།
ཉེ་བའི་ལོ་ཤས་རིང་། གྲོང་ཁུལ་དུ་རིམ་རྩིས་བརྒྱབ་ན་སྡོང་རྐང་ཁྲི་10ལྷག་ཙམ་ཚོད་འདེབས་བྱས་པ་དང་ཤིན་སོན་ཁྲི་6ལྷག་ཙམ་བཙུཌ་ཡོད། སྡོང་རྐང་ཁྲི་10དེ་དག་གྲོང་ཁྱེར་ཞིག་ལ་མཚོན་ན་མང་པོ་མེད་མོད། འོན་ཀྱང་ནག་ཆུའི་ངོས་ནས་བརྗོད་ན་སྡོང་རྐང་རེ་རེ་ལས་སླ་པོར་གསོན་ཐུབ་པ་ཞིག་གཏན་ནས་མ་ཡིན།
ལྗོན་ཤིང་གསོན་ཐུབ་པ་ནས་ཡག་པོ་འདེབས་པའི་བར་བཀྲ་ཤིས་ལ་ཁོག་རྩིས་ཤིག་ཡོད།
“དེ་སྔ་ཤིང་འཛུགས་སྐབས་ཕྲུ་གུ་དྲོད་སྲུང་སྒམ་ནང་བླུགས་པ་ལྟར་ཚན་རྩལ་གྱི་བྱ་ཐབས་དང་བྲལ་ཚེ་གསོན་ཐབས་བྲལ། ཕྱིས་སུ་ང་ཚོས་མཐོ་གྲང་ཁུལ་དུ་དེ་བས་འཚམ་པའི་ཤིང་རིགས་འདེམས་གསོ་བྱས་ཏེ། ལྗོན་ཤིང་རང་ངོས་ཀྱི་ནུས་པར་བརྟེན་ནས་དགུན་ཁ་སྒྲོལ་ཐུབ་པ་བྱས་པ་ཡིན”ཞེས་ཁོང་གིས་བཤད།
དེ་ཐོག་ནས་ནག་ཆུས་ཤིང་འཛུགས་སྐབས“མ་གནས་མཐོ་བའི་བདག་སྐྱོང”ནས“མ་གནས་དམའ་བའི་སྲུང་འཛིན”བར་འགྱུར་ལྡོག་བཏང་བ་མཚོན་ཐུབ། མིག་སྔར་ནག་ཆུར་ཤིང་འཛུཌ་པར་དགུན་སྒྲོལ་ཆུ་གཏོར་དང་དྲོད་གཏོང་འོད་སྣོན་སོགས་ཚན་རྩལ་བྱ་ཐབས་དང་ཁ་འབྲལ་ཐབས་མེད་པས་མ་གནས་བལྟོས་བཅས་ཀྱིས་མཐོ་ཙམ་ཡོད། དེ་དང་ཆབས་ཅིག་ནག་ཆུས་སྔོ་འགྱུར་མཛེས་བཟོའི་ཚོད་ལྟའང་བྱས་ཤིང་། ས་དབྱིབས་དངོས་ལ་གཞིགས་ནས་སྡོང་ཐུང་དང་རྩྭ་རིགས་སྐྱེ་དངོས་སྡེབ་སྒྲིག་བྱས་ཏེ་རིམ་པ་ཡོད་པ་དང་ཇུས་འགོད་ཀྱི་རྣམ་པ་ལྡན་པའི་སྔོ་འགྱུར་རྣམ་པ་བསྐྲུན་ནས། གྲོང་ཁྱེར་དང་གྲོང་རྡལ་གྱི་ཤིང་འཛུགས་སྔོ་འགྱུར་གྱི་གདམ་ག་ཉུང་བ་དང་མཛེས་ལྗོངས་སྣ་གཅིག་མའི་གནད་དོན་ཐག་གཅོད་བྱས་པར་གྲོང་ཁྱེར་དང་གྲོང་རྡལ་སྔོ་འགྱུར་ཐད་ཀྱི་གྲོང་མིའི་དགོས་མཁོ་སྐོང་ཐབས་བྱེད་བཞིན་ཡོད།
ཁོང་གིས། ངའི་རེ་བ་ཆེ་ཤོས་ནི་ཉིན་ཞིག་ནག་ཆུར་ཡུག་ཏུ་སྦྲེལ་བའི་སྔོ་ལྗང་ཁུལ་ཡོད་པ་དང་དབྱར་དུས་ཕྲུ་གུ་ཚོ་ལྗོན་ཤིང་འོག་ཏུ་རྩེད་འཇོར་རོལ་ཐུབ་པ་བྱ་རྒྱུ་དེ་ཡིན་ཞེས་བཤད་པ་རེད།
ཤིན་ཧྭ་ཉིན་རེའི་གློག་འཕྲིན་གྱི་གསར་འགོད་པ། ཅང་མོང་ཁྲེན། ཧོང་ཡའོ་མན། ཀྲོའུ་ཡུས་ལུང་།
འབྲེལ་ཡོད་གསར་འགྱུར།