དབུ་ཤོག
  • གླ་ཕོགས་ཇི་ལྟར་སྤྲོད་དགོས་མིན་སྐོར་གྱི་ལན་འདིར་ཡོད།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-04-13

    ཚོད་ལྟའི་དུས་ཡུན་ནང་ཚད་གཞི་ཅི་ཞིག་བཟུང་ནས་གླ་ཕོགས་སྤྲོད་དགོས་སམ། 

    《ངལ་རྩོལ་གན་རྒྱའི་བཅའ་ཁྲིམས་སྐོར་གྱི་ལག་བསྟར་སྲོལ་ཡིག》གི་དོན་ཚན་བཅོ་ལྔ་པར། ངལ་རྩོལ་པའི་ཚོད་ལྟའི་དུས་ཡུན་གྱི་གླ་ཕོགས་དེ་ཚན་པ་དེ་གའི་ལས་གནས་གཅིག་པའི་གླ་ཕོགས་དམའ་ཤོས་ཀྱི་བརྒྱ་ཆ་80%ལས་དམའ་བའམ་ཡང་ན་ངལ་རྩོལ་གན་རྒྱའི་ནང་ཁ་ཆད་བྱས་པའི་གླ་ཕོགས་ཀྱི་བརྒྱ་ཆ་80%ལས་དམའ་མི་ཆོག་པ་མ་ཟད། མི་སྤྱོད་ཚན་པ་གནས་སའི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ལས་དམའ་མི་ཆོག་པའི་གཏན་འབེབས་བྱས་ཡོད། 

    ལོ་རེའི་འཁོར་ཞག་ལ་གླ་ཕོགས་ཇི་ལྟར་སྤྲོད་དགོས་སམ། 

    《ལས་བཟོའི་ཕོགས་ལྡན་འཁོར་ཞག་སྐོར་གྱི་སྲོལ་ཡིག》གི་གཏན་འབེབས་ལྟར་ན། ལས་ཁུངས་ཀྱིས་ལས་བཟོར་ལོ་རེའི་འཁོར་ཞག་ལ་གླ་ཕོགས་རྒྱུན་ལྡན་ལྟར་སྤྲོད་རྒྱུའི་འགན་ལེན་བྱེད་དགོས། 

    ནད་དགོངས་ཞུས་ཚེ་གླ་ཕོགས་ཇི་ལྟར་སྤྲོད་དགོས་སམ། 

    《<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངལ་རྩོལ་བཅའ་ཁྲིམས>ལག་ལེན་མཐར་ཕྱིན་བསྟར་རྒྱུའི་གནད་དོན་འགའི་སྐོར་གྱི་ངལ་རྩོལ་པུའུ་ཡི་བསམ་འཆར》(ངལ་རྩོལ་པུའུ་ཡིས་སྤེལ[1995]ཡིག་ཨང་309པ)གྱི་དོན་ཚན་ང་དགུ་པར་གཏན་འབེབས་གསལ་པོ་བཏོན་དོན། ལས་བཟོར་ནད་ཕོག་པའམ་ཡང་ན་ལས་ཀའི་རྐྱེན་གྱིས་མིན་པར་རྨས་སྐྱོན་ཕོག་ནས་སྨན་བཅོས་བྱེད་རིང་། གཏན་འབེབས་བྱས་པའི་སྨན་བཅོས་དུས་ཡུན་ནང་ཁེ་ལས་ཀྱིས་འབྲེལ་ཡོད་གཏན་འབེབས་ལྟར། ནད་དགོངས་ཀྱི་གླ་ཕོགས་སམ་ཡང་ན་ནད་རིགས་རྒུད་སྐྱོབ་གྲོན་དངུལ་སྤྲོད་དགོས། ནད་དགོངས་ཀྱི་གླ་ཕོགས་སམ་ཡང་ན་ནད་རིགས་རྒུད་སྐྱོབ་གྲོན་དངུལ་དེ་ས་གནས་དེ་གའི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ལས་དམའ་བ་སྤྲོད་ཆོག་མོད། འོན་ཀྱང་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞིའི་80%ལས་དམའ་བ་སྤྲོད་མི་ཆོག 

    ཉིན་གང་ལམ་ལུགས་མིན་པའི་ལས་མིར་ཟླ་རེ་བཞིན་གླ་ཕོགས་སྤྲོད་དགོས་སམ། 

    《ངལ་རྩོལ་གན་རྒྱའི་བཅའ་ཁྲིམས》ཀྱི་དོན་ཚན་དོན་གཉིས་པའི་གཏན་འབེབས་ལྟར་ན། ཉིན་གང་ལམ་ལུགས་མིན་པའི་ལས་མིའི་ངལ་རྩོལ་ཐོབ་ཆ་རྩིས་རྒྱག་པའི་དུས་ཡུན་རིང་ཤོས་ཉིན་15ལས་བརྒལ་མི་ཆོག 

    དོ་སྣང་བྱེད་དགོས་པ་ཞིག་ལ། ཉིན་གང་ལམ་ལུགས་མིན་པའི་ལས་མིར་ཆུ་ཚོད་བརྩིས་ནས་གླ་ཆ་སྤྲོད་པའི་ཚད་གཞི་དེ། མི་སྤྱོད་ཚན་པ་གནས་སའི་མི་དམངས་སྲིད་གཞུང་གིས་གཏན་འབེབས་བྱས་པའི་ཆུ་ཚོད་བརྩི་བའི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ལས་དམའ་མི་རུང་། 

    ལས་མཚམས་བཞག་ནས་གླ་ཕོགས་ལེན་རིང་གཞི་རྩའི་གླ་ཕོགས་མ་གཏོགས་སྤྲོད་ཀྱི་མ་རེད་དམ། 

    《ལས་རྨས་འགན་བཅོལ་སྲོལ་ཡིག》གི་དོན་ཚན་སོ་གསུམ་པའི་ནང་གསེས་དོན་ཚན་དང་པོར་གཏན་འབེབས་གསལ་པོ་བྱས་ཡོད་དེ། ལས་བཟོར་ལས་ཀའི་དབང་གིས་ལས་འཛོལ་གྱི་གནོད་འཚེ་ཕོག་པའམ་ལས་རིགས་ཀྱི་ནད་ཕོག་ནས་གནས་སྐབས་ལས་མཚམས་བཞག་སྟེ་ལས་རྨས་ཀྱི་སྨན་བཅོས་དང་ལེན་བྱེད་དགོས་ཚེ། ལས་མཚམས་བཞག་ནས་གླ་ཕོགས་ལེན་རིང་། ད་ཡོད་ཀྱི་གླ་ཕོགས་དང་ཕན་བདེའི་ཐོབ་ཐང་ལ་འགྱུར་བ་མི་གཏོང་བར་རང་གནས་སའི་ཚན་པས་ཟླ་རེ་བཞིན་སྤྲོད་དགོས། 

    ཀུང་སིས་གླ་ཕོགས་སྤྲོད་སྐབས་ཕོགས་འཛིན་མ་སྤྲད་ན་ཆོག་གམ། 

    《གླ་ཕོགས་སྤྲོད་པའི་གནས་སྐབས་ལག་བསྟར་གཏན་འབེབས》ཀྱི་དོན་ཚན་དྲུག་པ་ལྟར་ན། མི་སྤྱོད་ཚན་པས་ངེས་པར་དུ་ཡིག་ཐོག་ནས་ངལ་རྩོལ་པར་གླ་ཕོགས་ཀྱི་གྲངས་འབོར་དང་། དུས་ཚོད། གླ་ཕོགས་ལེན་མཁན་གྱི་མིང་། དེ་བཞིན་མིང་རྟགས་བཅས་ཟིན་ཐོར་འགོད་དགོས་པ་མ་ཟད། ལོ་གཉིས་ཡན་ཉར་ཚགས་བྱས་ནས་ཞིབ་བཤེར་ལ་གྲ་སྒྲིག་བྱེད་དགོས། མི་སྤྱོད་ཚན་པས་གླ་ཕོགས་སྤྲོད་སྐབས་ངལ་རྩོལ་པར་གླ་ཕོགས་གསལ་ཐོ་སྤྲོད་དགོས།

    དོ་སྣང་བྱེད་དགོས་པར། གླ་ཕོགས་དེ་ཁྲིམས་གཏན་འཁེལ་བའི་དངུལ་ལོར་སྤྲོད་དགོས་པ་ལས། དངོས་པོ་དང་རིན་ལྡན་འཛིན་ལོར་གྱིས་ཚབ་བྱས་ནས་སྤྲོད་མི་ཆོག 

    སྤྱི་ཚོགས་འགན་བཅོལ་གྲོན་དངུལ་དེ་གླ་ཕོགས་ལ་ཕབ་ནས་སྤྲོད་རྒྱུའི་རེ་བ་འདོན་ཆོག་གམ།

    མི་སྤྱོད་ཚན་པས་སྤྲོད་དགོས་པའི་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་དེ་གླ་ཕོགས་ལ་བརྩིས་ནས་ཐད་ཀར་ལས་མིར་སྤྲད་པའི་བྱ་སྤྱོད་ནི་ཁྲིམས་འགལ་རེད། 

    《སྤྱི་ཚོགས་འགན་བཅོལ་བཅའ་ཁྲིམས》དང《ངལ་རྩོལ་གན་རྒྱའི་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ན། མི་སྤྱོད་ཚན་པ་དང་ངལ་རྩོལ་པ་ངེས་པར་དུ་ཁྲིམས་ལྟར་སྤྱི་ཚོགས་འགན་བཅོལ་ལ་ཞུགས་ནས་སྤྱི་ཚོགས་འགན་བཅོལ་གྱི་གྲོན་དངུལ་སྤྲོད་དགོས། 

    ངལ་རྩོལ་པ་སྤྱི་ཚོགས་འགན་བཅོལ་ལ་ཞུགས་པ་མ་ཟད། ཁྲིམས་ལྟར་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་སྤྲོད་པ་ནི་མི་སྤྱོད་ཚན་པའི་ཁྲིམས་གཏན་འཁེལ་བའི་འོས་འགན་རེད། འོས་འགན་དེ་མི་སྤྱོད་ཚན་པ་དང་ངལ་རྩོལ་པས་ཁ་ཆད་བྱས་ནས་བསྒྱུར་བའམ་ཡང་ན་མེད་པར་བཟོ་མི་ཆོག 

    གླ་ཕོགས་སྤྲོད་པའི་ཉིན་ལ་དུས་ཆེན་དང་གུང་གསེང་འཁེལ་ཚེ་ཇི་ལྟར་བྱེད་དགོས། 

    《གླ་ཕོགས་གཏོང་སྤྲོད་ཀྱི་གནས་སྐབས་གཏན་འབེབས》ཀྱི་དོན་ཚན་བདུན་པར་གླ་ཕོགས་ངེས་པར་དུ་མི་སྤྱོད་ཚན་པ་དང་ངལ་རྩོལ་པས་ཁ་ཆད་བྱས་པའི་དུས་ཚོད་ནང་སྤྲོད་དགོས་པ་དང་། གལ་ཏེ་དུས་ཆེན་དང་གུང་གསེང་ངམ་ངལ་གསོ་འཁེལ་ཚེ་ལས་ཀའི་དུས་ཚོད་ཉེ་ཤོས་ཉིན་མོར་སྔ་རྟིང་སྤྲོད་དགོས་པ་བཅས་ཁ་གསལ་བཏོན་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།