འཛད་ཟོག་རྙིང་པ་གསར་པར་བརྗེ་བར་རྒྱབ་སྐྱོར་བྱས་པ།
དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན་མ་དངུལ་སྒོར་དུང་ཕྱུར་625གཤམ་སྤྲོད་བྱས་པ།
ཉེ་ཆར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ནོར་སྲིད་པུའུ་སོགས་སྡེ་ཚན་དང་མཉམ་དུ་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་རྒྱབ་སྐྱོར་ཁྱབ་ཁོངས་དང་། ཁ་གསབ་ཚད་གཞི། ལག་བསྟར་ལམ་སྲོལ་བཅས་ལེགས་སུ་དང་འཐུས་སྒོ་ཚང་དུ་བཏང་ནས་ས་གནས་ལ་དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན་མ་དངུལ་དུས་ཐོག་ཏུ་གཤམ་སྤྲོད་བྱས་ཏེ་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་ཀྱི་ཕན་འབྲས་རྒྱུན་མཐུད་མངོན་པར་སྐུལ་འདེད་བཏང་བ་རེད།
ལེགས་སྒྲིག་བྱས་རྗེས་ཀྱི་སྲིད་ཇུས་བཀོད་སྒྲིག་གཞིར་བཟུང་། ས་ཁུལ་ཁག་གིས་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་ལམ་ལུགས་ཇུས་འགོད་འཐུས་སྒོ་ཚང་དུ་ཧུར་ཐག་བཏང་བ་དང་། ཁྱབ་ཁོངས་དབྱེ་ནས་མ་དངུལ་དོ་སྙོམས་བེད་སྤྱོད་ཀྱི་འཆར་གཞི་བཟོས་ཏེ་ཁྱིམ་སྤྱོད་གློག་ཆས་དང་། གྲངས་འཛིན། རིག་ནུས་ཐོན་རྫས་སོགས་ཁྱབ་ཁོངས་སུ་མ་དངུལ་སྔོན་ལ་བཏང་ནས་ཕྱིར་ཚོང་ཁེ་ལས་ཀྱི་མ་དངུལ་སྔོན་གཏོང་གི་གནོན་ཤུགས་ཆུང་དུ་བཏང་བ། འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་ལས་ཀའི་འཕེལ་རིམ་སྤྱིའི་ཆ་ནས་དེ་བས་བརྟན་དུ་བཏང་བ། ཁ་གསབ་མ་དངུལ་གྱི་སྐུལ་ཁྲིད་ཕན་འབྲས་སྔར་བས་ཆེ་རུ་བཏང་བ་བཅས་བྱས་ཡོད། ད་ལོ་ནས་བཟུང་རྒྱལ་ཡོངས་ཀྱི་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར་4332ལས་བརྒལ་ནས་མི་ཐེངས་ཁྲི་6093ལ་ཕན་པ་ཐོབ་སྟེ་ཟླ་བ་དང་པོ་ནས་གཉིས་པའི་བར་གྱི་སྤྱི་ཚོགས་ཀྱི་འཛད་ཟོག་སིལ་ཚོང་དངུལ་འབོར་དུས་མཚུངས་ལས་2.8%འཕར་རྒྱུར་སྐུལ་ཁྲིད་ཐུབ་ནས་ལོ་གོང་མའི་ཟླ་བ་12པ་ལས་བརྒྱ་ཆའི་གྲངས་1.9མགྱོགས་སུ་ཕྱིན་ཡོད་པ་རེད།
ཉེ་ཆར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ནོར་སྲིད་པུའུ་དང་མཉམ་དུ་ས་གནས་ལ་ད་ལོའི་དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན་ཁག་གཉིས་པའི་མ་དངུལ་སྒོར་དུང་ཕྱུར་625དུས་ཐོག་ཏུ་གཤམ་སྤྲོད་བྱས་ཏེ། ས་གནས་ཀྱིས་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་ལག་བསྟར་བྱེད་པར་མུ་མཐུད་རྒྱབ་སྐྱོར་བྱས་ཡོད། གོམ་སྟབས་རྗེས་མར་འབྲེལ་ཡོད་སྡེ་ཚན་གྱིས་མུ་མཐུད་ས་གནས་ལ་མཛུབ་ཁྲིད་བྱས་ཏེ། ལས་དོན་གྱི་མྱུར་ཚད་ལ་དམ་འཛིན་ལུགས་མཐུན་དང་། མ་དངུལ་བཀོལ་སྤྱོད་ཀྱི་འཆར་གཞི་ལེགས་སུ་དང་འཐུས་ཚང་དུ་གཏོང་བ། མ་དངུལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། ཁ་གསབ་རེ་ཞུ་དང་མ་དངུལ་ཞིབ་བཤེར་ཚད་ལྡན་དུ་གཏོང་བ། གསབ་དངུལ་འཛིན་ལྟར་དངུལ་སྤྲོད་ཀྱི་ལས་ཆོད་མཐོ་རུ་གཏོང་བ། ཁ་གསབ་གཡོ་ལེན་སོགས་ལ་ཆེད་དོན་བཅོས་སྒྲིག་བྱས་ཏེ། སྲིད་ཇུས་ལག་བསྟར་གྱི་ཕན་ནུས་མུ་མཐུད་ཆེ་རུ་གཏོང་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།