“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ནས་ཕྱོགས་ཁག་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

མིག་སྔར་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་འགྲན་སློང་དྲག་པོ་འཕྲད་ཡོད་པས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དེ་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ནུས་པ་དེ་བས་གལ་ཆེན་དུ་གྱུར་ཡོད། ལོ་10ལྷག་ཙམ་རིང་། གྲོས་འགོ་དེ་བརྗིད་ཆེའི་བསམ་བཀོད་ནས་རྒྱལ་སྤྱིའི་མཉམ་ལས་ཀྱི་ཀ་རྟེན་གལ་ཆེན་ཞིག་ཏུ་འཕེལ་རྒྱས་ཕྱིན་པ་དང་། རྨང་གཞིའི་སྒྲིག་བཀོད་སྦྲེལ་མཐུད་དང་། ཚོང་དོན་ཤར་བགྲོད། མི་ཆོས་རིག་གནས་འབྲེལ་མཐུད་སོགས་ཁྱབ་ཁོངས་མང་པོའི་མཉམ་ལས་བརྒྱུད་རྒྱལ་ཁབ་150ལྷག་ཙམ་འབྲེལ་མཐུད་ཐུབ་སྟེ་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།
སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནི་འགྲིམ་འགྲུལ་དྲ་རྒྱ་ཞིག་ཡིན་པ་མ་ཟད། སྤྱི་ཡོངས་ཀྱི་མཉམ་ལས་སྒྲོམ་གཞི་ཞིག་དེ་བས་ཀྱང་ཡིན། གྲུ་ཁ་དང་། ལྕགས་ལམ། ཐོན་ལས་གླིང་སོགས་མཚོན་བྱེད་དུ་བྱས་པའི་གྲོས་འགོ་དེའི་དོན་སྙིང་གཏིང་ཟབ་ནི་བསྟུན་མཁས་རང་བཞིན་དང་རྒྱུན་མཐུད་རང་བཞིན་གྱི་དཔལ་འབྱོར་སྒྲིག་སྲོལ་ཞིག་འཛུགས་པར་སྐུལ་འདེད་བཏང་བ་དེ་རེད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོས་བདག་དབང་ལ་བརྩི་འཇོག་བྱེད་པ་དང་། ཆབ་སྲིད་ཀྱི་ཆ་རྐྱེན་ཟུར་སྣོན་མི་བྱེད་པ། ཤོག་ཁག་འདེམས་པའི་བླང་བྱ་མི་འདོན་པ་བཅས་མ་ཟད། དངོས་སྒྲུབ་མཉམ་ལས་བརྒྱུད་གོ་སྐབས་མཁོ་འདོན་བྱེད་པ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་དམིགས་པ། ཕན་ཚུན་སྦྲེལ་མཐུད་དང་ས་ཁོངས་ཀྱི་ཐོན་ནུས་གསབ་རེས་བཅས་བྱས་ཏེ་ཕྱོགས་ཁག་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཡོང་བར་འདེགས་སྐྱོར་ཏན་ཏིག་བྱེད་ཀྱི་ཡོད། གྲོས་འགོ་དེས་མཉམ་ལས་ཡིག་ཆ་200ལྷག་ཙམ་གྲུབ་རོགས་བྱས་པ་དང་། འབྲེལ་ཡོད་མཉམ་ལས་ཀྱི་འདུ་ཤེས་དང་འདོད་ཚུལ་མཉམ་འབྲེལ་རྒྱལ་ཚོགས་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་ལམ་སྲོལ་གྱི་གྲུབ་འབྲས་ཡིག་ཆའི་ནང་བཀོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་རྒྱ་ཁྱབ་ངང་ཐོབ་ཡོད།
རྨང་གཞིའི་སྒྲིག་བཀོད་ལ་མ་དངུལ་གཏོང་བ་ནི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ཁྲོད་ཕུགས་ཀྱི་དོན་སྙིང་ལྡན་པའི་ནང་དོན་གལ་ཆེན་ཞིག་ཡིན་ཞིང་། ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེ་མོའི་ཟམ་པ་གསར་པའི་དཔལ་འབྱོར་བར་ཁྱམས་ཀྱིས་ཡོ་རོབ་དང་ཨེ་ཤེ་ཡ་འབྲེལ་མཐུད་བྱས་པ་དང་། ཀྲུང་ཡོའི་དུས་གཏན་མེ་འཁོར་ཡང་ཀྲུང་ཡོའི་ཟོག་འགྲུལ་ལྟེ་གནས་གཙོ་བོའི་བར་ཤར་གཏོང་ཐུབ་པས། སྐྱེལ་འདྲེན་གྱི་དུས་ཚོད་ཐུང་དུ་ཤུགས་ཆེན་ཕྱིན་ཡོད་ལ། སྐྱེལ་འདྲེན་གྱི་མ་གནས་ཀྱང་ཉུང་དུ་ཕྱིན་ཡོད།
མིག་སྔར་སྲུང་སྐྱོང་རིང་ལུགས་ལས་གོ་ལ་ཧྲིལ་པོའི་ཚོང་དོན་ཐར་ཐོར་ཅན་དུ་གྱུར་པ་དང་འཛམ་གླིང་དཔལ་འབྱོར་ལ་ཚད་མཐོའི་གཏན་འཁེལ་མེད་པའི་རང་བཞིན་འཕྲད་ཡོད། རྒྱལ་ཁབ་རེ་ཟུང་གིས་ཚོང་དོན་དང་། མ་འཇོག ལག་རྩལ་བཅས་ས་འབྲེལ་ཆབ་སྲིད་འཐབ་འགྲན་གྱི་ལག་ཆར་བརྩིས་ནས། ལག་རྩལ་བཀག་སྡོམ་དང་། ཕྱིར་གཏོང་དོ་དམ། དངུལ་རྩའི་བཀག་སྡོམ། སྒོ་ཁྲལ་སྣོན་བསྡུ་སོགས་ཀྱི་བྱ་ཐབས་ཡང་ཡང་སྤྱོད་ཀྱི་ཡོད། བྱེད་སྟངས་དེ་དག་གིས་གོ་ལ་ཧྲིལ་པོའི་འགག་རྩའི་ཚོང་ཟོག་གི་རིན་གོང་མཐོ་རུ་ཕྱིན་ནས་ཟོག་འགྲུལ་ཐད་འགོག་རྐྱེན་བཟོ་གི་ཡོད། དུས་བབ་དེའི་འོག་དཔལ་འབྱོར་དངོས་ཚན་དེ་བས་མང་པོས་མཉམ་སྡེབ་གྲོས་མོལ་བྱེད་པ་ལས་ཕྱོགས་རྐྱང་པའི་རིང་ལུགས་ཀྱིས་གཙོ་ཁྲིད་མིན་པའི་རྒྱལ་སྤྱིའི་མཉམ་ལས་ལས་སྟེགས་ནང་ཞུགས་རྒྱུའི་གདམ་ག་བྱེད་ཀྱི་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དེ་ས་ཁོངས་དབར་གྱི་རྨང་གཞིའི་སྒྲིག་བཀོད་མཉམ་ལས་ལས་བརྒལ་ནས། དངོས་སྒྲུབ་མཉམ་ལས་དང་སྣ་མང་རང་བཞིན་ལ་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་བཙུགས་པའི་གོ་ལ་ཧྲིལ་པོའི་མཉམ་ལས་ཇུས་གཞི་ཞིག་ཏུ་གྱུར་ཡོད།
(རྩོམ་པ་པོ་ནི་སི་ཕེན་གྱི་དཔལ་འབྱོར་རིག་པ་མཁས་ཅན་དང་རྩོམ་པ་པོ་ཡིན)
འབྲེལ་ཡོད་གསར་འགྱུར།