དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • 《བླ་ཤིང》ཞེས་པའི་བརྙན་འཕྲིན་འཁྲབ་ཚན་བསྟན་པས་གྲོ་མའི་ཚོང་དེ་བས་ལེགས་སུ་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-04-13

    འདི་ནི་གྲོ་མ་སྔོག་ས་ཡིན་པ།

    《བླ་ཤིང》ཞེས་པའི་བརྙན་འཕྲིན་འཁྲབ་ཚན་ནང་། གྲོ་མ་ནི་ས་མཐོའི་བུ་ཕྲུག་གི་ལྷད་མེད་བརྩེ་དུང་གི་བློ་གཏད་བཅོལ་ས་དང་། དཀའ་སྡུག་ཆེ་བའི་ལོ་ཟླའི་ནང་གི་རོ་བཅུད་ལྡན་པའི་ཟས་རིགས། གངས་ལྗོངས་སུ་རྩ་བ་ཚུགས་པ་དང་གསོན་ཤུགས་རྒྱས་པའི་ཚེ་སྲོག་གི་མཚོན་བྱེད་བཅས་རེད། འཇུ་ལག་རྫོང་གི་འཚོ་བ་དངོས་སུ་བརྙན་ཤེལ་ནང་གི་གྲོ་མ་ཆུང་ཆུང་དེ་སྔ་ས་ནས་དམངས་ཕྱུག་ཤང་དར་གྱི་གསེར་གྱི་རིལ་བུ་ལྟ་བུར་གྱུར་ནས་རོ་མངར་ཞིང་ནུས་པ་ཅུང་བསིལ་བས་གྲོང་གསེབ་དར་རྒྱས་ཀྱི་རོལ་དབྱངས་སྙན་མོ་ཞིག་རྩོམ་བཞིན་ཡོད།

    དཔྱིད་ཀར་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་འཇུ་ལག་ཧུད་རིགས་རང་སྐྱོང་རྫོང་བྱང་རི་ཤང་གི་མུའུ་སྟོང་གི་ས་རྒྱུ་གཤིན་ལ་སེ་རྒྱུ་ཕུན་སུམ་ཚོགས་པའི་ཞིང་ཐང་ཡངས་མོར་བཏབ་པའི་གྲོ་མའི་ལོ་གཅིག་དུས་གཅིག་གི་སྔོག་འདོན་དུས་ཚིགས་བཟང་ཤོས་སུ་སླེབས་པས། ཞིང་ནང་དང་མུ་ཁར་ལོ་ལེགས་ཀྱི་རྣམ་པས་རབ་ཏུ་འཕྱུར། ས་འོག་ནས་གྲོ་མ་རེ་རེ་སྔོག་སྐབས་གྲོ་མའི་དྲི་ཞིམ་སྣ་ངོར་འཐུལ་འོང་ལ། དེ་ལས་ཞིང་དུད་ཀྱི་དཀའ་བ་ཚད་མེད་སྤྱད་པར་འབྲས་བུ་ཡང་སྨིན་པ་མཚོན་གྱི་ཡོད།

    ལོ་57ལ་སླེབས་པའི་པའོ་ཝུན་ཆོན་ཞིང་ཁའི་མུ་ཁའི་གསེབ་ཏུ་རྐེད་པ་སྒུར་སྒུར་ངང་ཤ་རོས་ཁེངས་པའི་ལག་པ་གཉིས་ཀྱིས་བྱང་ཆུབ་པའི་སྒོ་ནས་གྲོ་མ་རྐོ་བཞིན་ཡོད། གྲོ་མ་རེ་རེ་བརྐོ་རིམ་བཞིན་ས་གཙང་མར་འཕྱིས་རྗེས་སྨྱུག་སླེལ་ནང་བླུག་གི་འདུག ཁོང་གིས་གྲོ་མ་སྤྱི་ཆིང་24.67བཏབ་ཡོད་པ་དང་། ཁོང་ནི་ཤང་ནང་གི་འདེབས་འཛུགས་དུད་ཚང་ཆེན་པོ་ཞིག་རེད། སྨྱུག་སླེལ་ནང་གྲོ་མ་བྱུར་བུར་ཁེངས་པ་མཐོང་སྐབས་ཁོང་གི་ངོ་གདོང་ལས་འཛུམ་མདངས་འཕྱུར། “གྲོ་མ་ནི་ནོར་བུ་རང་རེད། ངས་བཏབ་པའི་གྲོ་མར་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་4.44རག་གི་འདུག”

    ཐག་མི་རིང་བའི་ཞིང་ཁའི་རྣང་མའི་སྟེང་ལོ་56ལ་སླེབས་པའི་ཧྥང་དབན་ཅུན་དང་བཟའ་ཟླས་རང་གི་འཇོན་ཚོད་ཀྱིས་ལས་ཀ་བྱེད་བཞིན་ཡོད་པ་དང་། བཟའ་ཟླས་གྲོ་མ་སྔོག་པ་དང་ཁོང་གིས་སྔོག་མ་ཐག་པའི་གྲོ་མ་གྲལ་འགྲིག་པོར་བཞག་ནས་ཁྱིམ་དུ་དབོར་ཏེ་གྲིབ་སྐམ་གཏོང་རྩིས་བྱེད་བཞིན་འདུག སྤྱི་ཆིང་8.67ཡོད་པའི་གྲོ་མ་བཏབ་པའི་ཞིང་ཁ་ནས་ལོ་ལྟར་ཁོང་གི་ཁྱིམ་ལ་ཡོང་འབབ་སྒོར་ཁྲི་1.56ཙམ་རག་གི་ཡོད། ལོ་རྒན་དྲུག་ཅུར་ཉེ་བའི་ཁོང་གི་ངོས་ནས་བརྗོད་ན་ཡོང་འབབ་དེ་ཧ་ཅང་མཐོ་པོ་རེད། ཧྥང་དབན་ཅུན་གྱིས“དེ་སྔ་ཞིང་དལ་དུས་སུ་ཁྱིམ་དུ་ངལ་གསོ་རྒྱག་རྒྱུ་ལས་མེད་པས་ཡོང་འབབ་གང་ཡང་མེད། ད་ཆ་གྲོ་མ་སྨིན་པས་རང་ཉིད་ཀྱིས་བཏབ་པར་དངུལ་རག་གི་ཡོད་པ་མ་ཟད། ད་དུང་གྲོང་པ་ཁྱིམ་མཚེས་ལ་སྔོག་རོགས་བྱས་ན་ཉིན་གླ་སྒོར་བརྒྱ་ལྷག་ཙམ་རག་གི་ཡོད། ཁྱིམ་གྱི་སྒོ་འགྲམ་ནས་ཡོང་འབབ་གསོག་ཐུབ་པས་བློ་བདེ་པོ་འདུག”ཅེས་བཤད།

    གྲོ་མའི་ལོ་ལེགས་དུས་ཚིགས་དེ་བརྩེ་བས་ཕྱུག་པའི་འདུ་ཚོགས་གཟབ་རྒྱས་ཤིག་དང་འདྲ་བར་གཞིས་ལུས་ཞིང་དུད་1500ལྷག་ཙམ་ལ་གནས་སྐབས་ཀྱི་ལས་ཞུགས་ལས་གནས་མཁོ་འདོན་བྱས་པ་དང་། ལས་མི་མང་ཚོགས་ལ་ཉིན་རེར་ཆ་སྙོམས་ཡོང་འབབ་སྒོར་80ནས་200བར་བརྟན་པོ་ཡོང་གི་ཡོད།

    འཇུ་ལག་རྫོང་གིས་ས་མཐོའི་གྲོ་མའི་མངོན་མེད་སྟོབས་ཤུགས་ཤེས་རྟོགས་ཟབ་མོ་ཐུབ་ནས། ས་བབ་མཐོ་བ་དང་སེ་རྒྱུ་ཕུན་སུམ་ཚོགས་པའི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ཁྱད་འཕགས་ལ་གཞི་ཚུགས་ཏེ་གྲོ་མའི་ཐོན་ལས་དེ་གྲོང་གསེབ་དར་རྒྱས་ཀྱི་ཁྱད་ལྡན་ཀ་རྟེན་དུ་བརྩིས་ནས་སྐྱེད་སྲིང་བྱས་ཏེ“རི་སྐྱེས་འཚོལ་བསྡུ་དང་མི་ཐབས་ལ་བརྟེན་ནས་འདེབས་འཛུགས་ཟུང་འབྲེལ་དང་། ཐོན་སྐྱེད་ལས་སྣོན་དང་ཁྲོམ་རར་ཕྱིར་ཚོང་ཟུང་འབྲེལ”གྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ཡོད། ད་ཆ་རྫོང་ཡོངས་ཀྱི་རི་སྐྱེས་གྲོ་མ་སྔོག་འཐུ་ཁུལ་གྱི་རྒྱ་ཁྱོན་སྤྱི་ཆིང་72.67ཟིན་པ་དང་། མི་ཐབས་ལ་བརྟེན་ནས་འདེབས་འཛུགས་བྱས་པའི་རྒྱ་ཁྱོན་སྤྱི་ཆིང་65.87ཟིན་ཡོད། སྔོན་དཔག་བྱས་ན་གྲོ་མ་སོས་པའི་སྤྱིའི་ཐོན་ཚད་ཏུན་440ལྷག་ཙམ་བརྒལ་རྒྱུ་དང་སྤྱིའི་ཐོན་རྫས་ཀྱི་རིན་ཐང་སྒོར་ཁྲི་3450ལས་བརྒལ་བའི་རེ་བ་ཡོད། “ཁེ་ལས་དང་། མཉམ་ལས་ཁང་། ཞིང་དུད”བཅས་ཟུང་དུ་འབྲེལ་བའི་མཉམ་འགུལ་བྱེད་སྟངས་ཀྱིས་ཞིང་དུད་ཀྱི་འདེབས་འཛུགས་ཐད་ཀྱི་སེམས་ཁྲལ་རྦད་དེ་བསལ་ཡོད། འདེབས་འཛུགས་ལག་རྩལ་ནས་ཐོན་རྫས་ཕྱིར་ཚོང་བར་གྱི་བརྒྱུད་རིམ་ཧྲིལ་པོར་འགན་ལེན་ཐུབ་ནས་ཞིང་དུད་ཚོར་འདེབས་ཕོད་པ་དང་། འདེབས་འདོད་ཡོད་པ། འབབ་འཕར་ཐུབ་པ་བཅས་མངོན་འགྱུར་ཐུབ་པར་བྱས་ཡོད།

    《བླ་ཤིང》ཞེས་པའི་བརྙན་འཕྲིན་འཁྲབ་ཚན་ཚ་ཚ་འུར་འུར་ངང་བསྟན་པ་དང་ཆབས་ཅིག འཇུ་ལག་རྫོང་གི་གྲོ་མའི་སྙན་གྲགས་ཀྱང་རིམ་བཞིན་ཆེ་རུ་ཕྱིན་ཏེ། རྒྱལ་ཡོངས་གཟིགས་མོ་བས་གྲོ་མ་ཆུང་ཆུང་འདིར་ཡིད་སྨོན་སྐྱེས་ཤིང་། “འཇུ་ལག་གི་སེ་རྒྱུ་འདུས་པའི་གྲོ་མའི”ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་ཀྱི་མིང་གྲགས་ཆེ་རུ་ཕྱིན་པ་མ་ཟད། “རྒྱལ་ཡོངས་ཀྱི་མིང་གྲགས་དང་། ཁྱད་ལྡན། སྤུས་ལེགས། གསར་གཏོད་བཅས་ཀྱི་ཞིང་ལས་ཐོན་རྫས”ཀྱི་སྐད་གྲགས་དེ་བས་ཆེ་རུ་ཕྱིན་ཡོད། གློག་བརྙན་གྱི་ཚ་རླབས་ཐོན་ལས་ཀྱི་འགུལ་ནུས་སུ་འགྱུར་བས། གྲོ་མའི་དྲི་ཞིམ་རྒྱལ་ཡོངས་ས་གནས་གང་སར་འཐུལ་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།