དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས།

    《རིམ་དབྱེའི་སྨན་བཅོས་མ་ལག་མགྱོགས་མྱུར་འཛུགས་རྒྱུའི་སྐོར་གྱི་བྱེད་ཐབས་འགའ་ཞིག》བཀྲམ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-04-13

    སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཐོན་ཁུངས་བཀོད་སྒྲིག་ནུས་ཆེ་བྱེད་པར་སྔར་བས་སྐུལ་འདེད་གཏོང་བ་དང་མང་ཚོགས་ཀྱིས་ཐག་ཉེ་ས་དང་སྟབས་བདེ་སར་སྨན་པ་བསྟེན་པའི་དགོས་མཁོ་སྐོང་ཆེད། ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《རིམ་དབྱེའི་སྨན་བཅོས་མ་ལག་མགྱོགས་མྱུར་འཛུགས་རྒྱུའི་སྐོར་གྱི་བྱེད་ཐབས་འགའ་ཞིག》(གཤམ་དུ《བྱེད་ཐབས་འགའ་ཞིག》ཞེས་བསྡུ་རྒྱུ)བཀྲམ་ནས། ཕྱོགས་བཞིའི་ཐད་ཀྱི་དམིགས་སའི་རང་བཞིན་གྱི་བྱེད་ཐབས་ཁག་13བཏོན་ཡོད།

    གཅིག་ནི་འབྲེལ་ཟབ་སྨན་བཅོས་མཉམ་འབྲེལ་ཚོགས་པ་དམ་འཛིན་བྱ་གཞིར་བྱས་ཏེ་རིམ་དབྱེའི་སྨན་བཅོས་ཀྱི་མཉམ་སྒྲུབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་དེ་ཡིན་ཞིང་། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ནུས་པའི་ངེས་གནས་དང་གྲུབ་ཆའི་བཀོད་པ་ལེགས་སུ་བཏང་ནས། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་སྟོང་ཆ་འགུལ་རྣམ་ངང་སེལ་བ་དང་། རིམ་གཉིས་སྨན་ཁང་གིས་རིམ་གསུམ་སྨན་ཁང་དང་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་དབར་གྱི་འབྲེལ་ཟམ་གྱི་ནུས་པ་ཆེ་རུ་གཏོང་བ། རིམ་གསུམ་སྨན་ཁང་གིས་ཛ་དྲག་ཉེན་ཚབས་དང་རྙོག་འཛིང་ཆེ་བའི་ནད་ལ་དམིགས་ཏེ་ཁྲིད་སྟོན་བྱེད་པ། སྨན་ཁང་སྒྱུར་བ་དང་། མཉམ་བསྡུས་ནད་དཔྱད། སྨན་ཁང་དུ་སྡོད་པ་བཅས་ཀྱི་ཞབས་ཞུར་ཤུགས་སྣོན་རྒྱག་རྒྱུ་བཅས་རེད། འབྲེལ་ཟབ་སྨན་བཅོས་མཉམ་འབྲེལ་ཚོགས་པའི་སྤུས་ཚད་མཐོར་གཏོང་དང་རྒྱ་སྐྱེད་ལ་སྐུལ་འདེད་བཏང་ནས་འབྲེལ་ཟབ་སྨན་བཅོས་མཉམ་འབྲེལ་ཚོགས་པའི་སྨན་བཅོས་ཐོན་ཁུངས་མཉམ་སྤྱོད་དང་སྨན་བཅོས་དང་། གཉེར་སྐྱོང་། ཆ་འཕྲིན་དོ་དམ་བཅས་གཞི་གཅིག་ཅན་ལ་ཤུགས་སྣོན་རྒྱག་རྒྱུ་རེད།

    གཉིས་ནི་རྒྱུན་མཐོང་ནད་དང་གཅོང་ནད་གཙོ་བོར་བཟུང་ནས་མང་ཚོགས་གཞི་རིམ་དུ་ཐོག་མའི་སྨན་བཅོས་བྱེད་པར་ཁྲིད་སྟོན་བྱ་རྒྱུ་ཡིན་ཞིང་། གཞི་རིམ་གྱི་རྒྱུན་མཐོང་ནད་ཀྱི་སྨན་བཅོས་དང་གཅོང་ནད་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་འབྲེལ་ཟབ་སྨན་བཅོས་མཉམ་འབྲེལ་ཚོགས་པའི་གོང་རིམ་སྨན་ཁང་གིས་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར་རྒྱུན་མཐོང་ནད་དང་གཅོང་ནད་ཀྱི་སྒོ་བསྟེན་སྨན་ཁང་འཛུགས་པ་དང་འབྲེལ་རིགས་གཅིག་མཁས་ཅན་ཚོགས་པའི་སྤྱིར་བཏང་གི་སྒོ་བསྟེན་སྨན་ཁང་གཞི་རིམ་དུ་སྣུར་སྲིང་བྱས་ཏེ། ནད་པར་གཅོང་ནད་སྨན་བཅོས་དང་སྔོན་འགོག་མཉམ་འདྲེས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་པ་སོགས་ཀྱི་ཞབས་ཞུ་བྱེད་སྟངས་བརྒྱུད། གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིས་མང་ཚོགས་ཀྱི་ཡིད་དབང་འགུག་ཤུགས་ཆེ་རུ་གཏོང་བ་དང་། གོང་རིམ་སྨན་ཁང་གི་རོགས་སྐྱོར་ནུས་པ་ཆེ་རུ་བཏང་ནས་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་འབྲེལ་མཐུད་ནུས་པ་ཆེ་རུ་གཏོང་བ། ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་མཐོ་རུ་བཏང་ནས་གན་འཇོག་སྨན་པ་དང་གྲོང་མིའི་དབར་ཡུན་རིང་བརྟན་ལྷིང་གི་འབྲེལ་བ་ཆགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་རེད།

    གསུམ་ནི་སྨན་བཅོས་ཀྱི་རྒྱུན་མཐུད་རང་བཞིན་མཐོ་རུ་གཏོང་རྒྱུ་སྟོན་ཕྱོགས་སུ་བྱས་ནས་སྨན་ཁང་སྒྱུར་བའི་ཞབས་ཞུའི་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞིང་། མང་ཚོགས་སྨན་ཁང་སྒྱུར་བར་སྟབས་བདེ་བསྐྲུན་རྒྱུ་ཕྱོགས་སྟོན་དུ་བྱས་ཏེ་རིམ་ཁག་སྨན་ཁང་སྒྱུར་བའི་སྒྲིག་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་སྨན་པ་དང་ནད་པ་ཕྱོགས་གཉིས་པོའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱ་རྒྱུ་རེད། ཐོག་མའི་སྨན་བཅོས་བྱས་རྗེས་ནད་པ་སྨན་ཁང་སྒྱུར་བའི་ཐབས་ལམ་ཤར་བགྲོད་ཡོང་བར་བྱས་ཏེ། སྨན་བཅོས་སྒྲིག་གཞིར་སྨན་ཁང་སྒྱུར་བའི་ལྟེ་གནས་འཛུགས་པར་སྐུལ་འདེད་གཏོང་བ་དང་ས་ཁུལ་དང་གྲོང་ཁྱེར་རིམ་པ་དང་དེ་ཡན་གྱི་སྨན་ཁང་དང་འབྲེལ་ཟབ་སྨན་བཅོས་མཉམ་འབྲེལ་ཚོགས་པའི་དབར་གྱི་མཉམ་ལས་འབྲེལ་བ་འཛུགས་རྒྱུ་རེད། སྨན་བཅོས་འགན་བཅོལ་སྲིད་ཇུས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས། ཡུལ་གཞན་དུ་སྨན་བཅོས་བྱེད་སྐབས་ཐད་ཀར་རྩིས་རྒྱག་པའི་དོ་དམ་ཞབས་ཞུར་ཤུགས་སྣོན་རྒྱག་པ་དང་། ཞིང་ཆེན་ནང་ཁུལ་དང་དེ་བཞིན་ཞིང་ཆེན་སྒྲོལ་བའི་ཡུལ་གཞན་དུ་སྨན་བཅོས་དང་སྨན་ཁང་དུ་སྡོད་པའི་སྨན་རིན་དག་སྨན་བཅོས་བྱ་ཡུལ་གྱི་ནད་རིགས་གཞིར་བཟུང་སྨན་རིན་སྤྲོད་པའི་དོ་དམ་ནང་འཇུག་པར་སྐུལ་འདེད་བརྟན་པོ་གཏོང་རྒྱུ་རེད།

    བཞི་ནི་རིམ་དབྱེའི་སྨན་བཅོས་ཀྱི་འགན་སྲུང་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན་ཞིང་། འབྲེལ་ཟབ་སྨན་བཅོས་མཉམ་འབྲེལ་ཚོགས་པའི་འཕེལ་རྒྱས་དང་འགན་སྲུང་གི་སྲིད་ཇུས་མགྱོགས་མྱུར་འཐུས་སྒོ་ཚང་དུ་བཏང་ནས། གཏན་འབེབས་ལྟར་ནོར་སྲིད་ཀྱི་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་གླ་ཕོགས་ལམ་ལུགས་ལེགས་སུ་གཏོང་རྒྱུ་རེད། གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཧེ་བག་རང་བཞིན་གྱི་གཏོང་སྤྲོད་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ནས། ཡུལ་བབ་དང་བསྟུན་ཏེ་རིམ་པ་མི་འདྲ་བའི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་སྨན་ཁང་དུ་སྡོད་པའི་རྩིས་ཞུའི་ཆུ་ཚད་མཐོ་རུ་འོས་འཚམ་གཏོང་རྒྱུ་རེད། རིམ་པ་དང་རིགས་མི་འདྲ་བའི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་གཏོང་སྤྲོད་བཏགས་གྲངས་གཏན་འཁེལ་ལུགས་མཐུན་བྱས་ཏེ། གཞི་རིམ་ལ་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རེད། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་སྤྱིར་བཏང་གི་སྨན་བཅོས་ཀྱི་སྨན་རིན་སྲིད་ཇུས་དོན་འཁྱོལ་བྱ་རྒྱུ་རེད། ཞིང་ཆེན་ཚན་པར་བྱས་ཏེ་གཞི་རིམ་གྱི་ནད་རིགས་ཁྱབ་ཁོངས་ཚད་ལྡན་དུ་གཏོང་རྒྱུར་མགྱོགས་མྱུར་སྐུལ་འདེད་བཏང་ནས། གཅིག་གྱུར་འཆར་འགོད་ཁུལ་གྱི་རིམ་པ་མི་འདྲ་བའི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་གཞི་རིམ་ནད་རིགས་ཀྱི“ནད་རིགས་གཅིག་ལ་སྨན་རིན་མཉམ་སྤྲོད”ལག་བསྟར་བྱ་རྒྱུ་རེད། མང་ཚོགས་ཀྱིས་རིམ་དབྱེའི་སྨན་བཅོས་ལ་ཤེས་རྟོགས་ཐུབ་ཚད་དང་ཁས་ལེན་བྱེད་ཚད་མཐོ་རུ་བཏང་ནས་ཚད་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་སྨན་པ་བསྟེན་པའི་འདུ་ཤེས་འཛུགས་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།