དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་རྨ་ལྷོ་ཀྲོའུ་ཡི་སྲོལ་རྒྱུན་གྱི་བོད་ཀྱི་གསོ་བ་རིག་པའི་ལག་རྩལ་ཁག་24མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-04-13

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཕྱི་ཕྱོགས་ལ་ཡོངས་བསྒྲགས་བྱས་པའི་བསྡོམས་རྩིས་གྲངས་གཞི་ལྟར་ན། མིག་སྔར་སྲོལ་རྒྱུན་གྱི་བོད་ཀྱི་གསོ་བ་རིག་པའི་ལག་རྩལ་ཁག་24མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་པ་དང་འབྲེལ། ཀྲོའུ་རིམ་པའི་བོད་ཀྱི་གསོ་བ་རིག་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་6གསོ་སྐྱོང་བྱས་པ་དང་མི་རིགས་ཀྱི་གསོ་རིག་རིག་གནས་སྲུང་སྐྱོང་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་པའི་རྣམ་གྲངས་ནང་སྲོལ་རྒྱུན་བོད་སྨན་འདུལ་སྦྱོང་གི་ལག་ལེན་དང་། བོད་སྨན་ཉར་ཚགས་དང་ལས་སྣོན་ལག་རྩལ། བོད་སྨན་གྱི་ལུམས་བཅོས། བོད་ལུགས་ཀྱི་འཕུར་མཉེད་སོགས་ཁྱད་ལྡན་ལུས་ཟུངས་གསོ་སྟངས་ཀྱི་ཐབས་ཤེས་ཚུད་ཡོད། གྲུབ་འབྲས་དེ་ནི་རྨ་ལྷོ་ཀྲོའུ་ཀྲུང་ལུགས་གསོ་རིག་དང་བོད་ཀྱི་གསོ་བ་རིག་པའི་རྒྱུན་འཛིན་ལས་དོན་ལ་ཁས་ལེན་གང་ལེགས་བྱས་པ་ཞིག་ཡིན་ལ། མི་རིགས་རིག་གནས་ཀྱི་གཞི་རྒྱུ་སྲུང་སྐྱོང་དང་མི་རིགས་ཀྱི་བློ་གྲོས་རྒྱུན་འཛིན་ལ་འགན་ལེན་ནུས་ལྡན་བྱས་པ་ཞིག་ཀྱང་ཡིན་པ་རེད།

    ད་ལོ་ནས་བཟུང་། རྨ་ལྷོ་ཀྲོའུ་ཡིས་ཀྲུང་ལུགས་གསོ་རིག་བྱ་གཞག་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་ཀྲུང་དབྱང་དང་མཚོ་སྔོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ཁག་དོན་འཁྱོལ་ནན་པོ་བྱ་རྒྱུ་ཡིན་པ་རེད། ཀྲོའུ་ཡོངས་ཀྱིས་ཀྲུང་ལུགས་གསོ་རིག་དང་བོད་ཀྱི་གསོ་བ་རིག་པའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རྒྱུ་དེ་མི་རིགས་མཐུན་སྒྲིལ་དང་། དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་ཞི་མཐུན་བཅས་ལ་སྐུལ་འདེད་གཏོང་བའི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་བོད་ཀྱི་གསོ་བ་རིག་པའི་བསྟན་བཅོས་དང་། ལག་རྩལ། སྨན་ཐོའི་མིང་གཞུང་བཅས་ཀྱི་མྱུར་སྐྱོབ་རང་བཞིན་སྔོག་འདོན་དང་རྒྱུད་རིམ་ལྡན་པའི་ཞིབ་འཇུག་བྱས་ཏེ་གྲགས་ཅན་གྱི་བོད་ཀྱི་གསོ་བ་རིག་པའི་རིག་གཞུང་བསམ་བློ་དང་། ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་། དེ་བཞིན་ཁྱད་ལྡན་གསོ་རིག་གི་ལག་རྩལ་བཅས་རྒྱུན་འཛིན་དང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།

    མིག་སྔར། “བདེ་ཐང་ཀྲུང་གོའི”འཐབ་ཇུས་འོག རྨ་ལྷོ་ཀྲོའུ་ཡིས་ཀྲུང་ལུགས་གསོ་རིག་དང་བོད་ཀྱི་གསོ་བ་རིག་པའི་མངོན་མིན་རིག་གནས་ཤུལ་བཞག་ལག་རྩལ་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས། སྲོལ་རྒྱུན་གྱི་སྨན་དང་སྨན་བཅོས་ཀྱི་མཆོག་ནོར་གྱིས་དམངས་ཀྱི་བདེ་ཐང་སྲུང་སྐྱོང་དང་། རིག་གནས་ཀྱི་མོས་སེམས་ཆེར་གཏོང་། ཐོན་ལས་གསར་གཏོད་ལ་སྐུལ་འདེད་གཏོང་རིང་རྒྱུན་སྲིང་གསོན་ཤུགས་འཕེལ་བ་བཅས་བྱས་ཏེ་ཀྲུང་ལུགས་གསོ་རིག་དང་བོད་ཀྱི་གསོ་བ་རིག་པའི་རིག་གནས་རྒྱུན་འཛིན་དང་འཕྲོད་བསྟེན་བདེ་ཐང་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སྟོབས་ཤུགས་བརྟན་པོ་ཞིག་སྐྱེས་སུ་འབུལ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།