ཧུའུ་པེའི་འཛིན་མའི་ཁྱོན་ཡངས་པོར། བོད་ཀྱི་རིག་གནས་སྟོན་མོ་བཤམས།
—— གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་གིས་ཧུའུ་པེ་ཡུན་མོང་དུ་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་བྱེད་སྒོ་སྤེལ་བའི་སྐོར་གྱི་ཟུར་བྲིས།

འདི་ནི་ངམ་རིང་རྫོང་གི་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་ཧུའུ་པེ་ཞིང་ཆེན་ཡུན་མོང་རྫོང་དུ་རིག་རྩལ་འཁྲབ་སྟོན་བྱེད་བཞིན་པ།
ཧུའུ་པེ་ཞིང་ཆེན་ཡུན་མོང་རྫོང་གི་རྟེན་མཛོད་ཁང་དུ། བོད་ཀྱི་ཨ་ཅེ་ལྷ་མོ་འཁྲབ་པ་དང་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཆིན་རྒྱལ་རབས་ཀྱི་ཁྲམ་ཡིག་ལ་བལྟས་ནས་ཕན་ཚུན་དབར་ཡུལ་དུས་ལས་བརྒལ་བའི་སྤེལ་རེས་བྱས་པ་དང་། ཧུའུ་ཅིན་ཏན་གྱི་མུའུ་ཁྲི་ཡི་པད་ཁའི་མེ་ཏོག་གི་ཁྲོད་དུ། གླུ་གཞས《དར་ཚོན་སྣ་ལྔ》བླངས་ནས་དཔྱིད་ཀའི་མེ་ཏོག་གི་རྒྱ་མཚོའི་ཀློང་དུ་མི་རིགས་ཀྱི་ཉམས་འགྱུར་ཟབ་མོ་མངོན་པར་བྱས་པ། ཨན་ལུའུ་དང་ཤའོ་ཁྲང་སོགས་ཉེ་འཁོར་གྱི་རྫོང་དང་གྲོང་ཁྱེར་དུ། 《སེམས་མཐུན་གྱི་མདུད་པ། བདེ་སྐྱིད་ཀྱི་ལས་འབྲེལ》ཞེས་པའི་སྟངས་སྟབས་མྱུར་བའི་ཞབས་བྲོ་འཁྲབ་པ་དང་། 《གཞིས་རྩེ། ང་ཡི་སེམས་པ་ཁྱེད་ལ་ཆགས》ཞེས་པའི་འགྱུར་ཁུག་སྙན་པའི་སྒྲ་གདངས་གསུམ་བསྡེབས་ཀྱི་གླུ་གཞས་བཏང་བ་བཅས་ལས། ས་མཐོའི་ཡངས་ཤིང་རྒྱ་ཆེ་བ་དང་རང་རྒྱལ་ལྷོ་ཕྱོགས་ཀྱི་སྣུམ་ཞིང་མཛེས་པའི་རྣམ་པ་མཉམ་འདྲེས་གང་ལེགས་ཐུབ་ཡོད།
ཉེ་ཆར། གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་གིས་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་སྒྲིག་འཛུགས་ཀྱིས་ཧུའུ་པེ་ཞིང་ཆེན་ཡུན་མོང་རྫོང་དང་དེའི་ཉེ་འཁོར་གྱི་ཨན་ལུའུ་དང་ཤའོ་ཁྲང་སོགས་རྫོང་དང་གྲོང་ཁྱེར་དུ་ངོ་མཚར་ཆེ་བའི་རིག་གནས་སྤེལ་རེས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད། འཁྲབ་སྟོན་རེ་རེ་དང་། ཞབས་བྲོ་རེ་རེ། གླུ་གཞས་རེ་རེ་བཅས་ལས་ཧུའུ་པེའི་མང་ཚོགས་ཀྱིས་བོད་ཀྱི་རྒྱ་ཆེ་ཞིང་གཏིང་ཟབ་པའི་རིག་གནས་ཀྱི་ཉམས་འགྱུར་གང་ལེགས་ཚོར་ཐུབ་པ་བྱུང་ཡོད་ལ། ས་མཐོའི་བུ་ཕྲུག་ཚོའི་གཞུང་དྲང་བབ་ཆགས་དང་སེམས་རྩ་འཁོལ་པོའང་ཚོར་ཐུབ་པ་བྱུང་ཡོད།
ཨ་ཅེ་ལྷ་མོའི་སྲོལ་གཏོད་མཁན་ཐང་སྟོང་རྒྱལ་པོའི་ཕ་ཡུལ་ཡིན་པའི་ངམ་རིང་རྫོང་གི་ལྷ་མོའི་རིག་གནས་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད་ལ། ལྷ་མོ་དང་། བྱང་གཞས། སྒྲ་སྙན། སྲོལ་རྒྱུན་ལག་ཤེས་སོགས་ཀྱི་རིག་གནས་ལའང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཡོད། དུས་ཡུན་རིང་པོའི་ནང་། ངམ་རིང་རྫོང་གིས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་དར་སྤེལ་ཤུགས་ཆེན་གཏོང་རྒྱུ་མཐའ་འཁྱོངས་དང་། ས་ཁོངས་ཀྱི་རིག་གནས“ཕྱིར་སྐྱོད་པར”སྐུལ་འདེད་ཧུར་ཐག་བཏང་ནས། ས་ཁོངས་བསྒྲལ་བའི་རིག་གནས་སྤེལ་རེས་ཀྱི་ལས་སྟེགས་རང་འགུལ་ངང་བསྐྲུན་ཏེ། ས་མཐོའི་རིག་གནས་གངས་ལྗོངས་ནས་ཐོན་ཏེ་རྒྱལ་ཡོངས་སུ་ཁྱབ་ཐུབ་པར་འབད་བཞིན་ཡོད་པ་རེད།
ད་ཐེངས་ཡུན་མོང་དུ་སྐྱོད་རིང་། ངམ་རིང་རྫོང་གིས་རིག་རྩལ་འཁྲབ་སྟོན་དང་། མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན། ཁྱད་ལྡན་ཐོན་རྫས་འོས་སྦྱོར་སོགས་བྱེད་ཐབས་སྣ་ཚོགས་བརྒྱུད་དེ། ཕྱོགས་མང་པོ་ནས་ངམ་རིང་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་ཤིང་། རིམ་རྩིས་བརྒྱབ་ན། སྒྱུ་རྩལ་ཚོགས་པས་འཁྲབ་སྟོན་ཐེངས་32བྱས་པར་ལྟད་མོ་བ་མི་ཐེངས་ཁྲི་50ཟིན་ཡོད་པ་རེད།
གར་སྟེགས་ཀྱི་གཤམ་དུ། ངམ་རིང་རྫོང་གིས་མངོན་མིན་རིག་གནས་ཤུལ་བཞག་གི་རིག་གནས་བསམ་བཀོད་ཐོན་རྫས་དང་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་འགྲེམས་སྟོན་ཁུལ་བཙུགས་ཤིང་། འགྲེམས་སྟོན་ཁུལ་དུ་ཚོན་མདངས་རྣམ་པར་བཀྲ་བའི་ཐང་ག་གསོན་ཉམས་ལྡན་པ་དང་། བརྐོས་ཞིབ་ཚགས་བརྒྱབ་པའི་དངུལ་ཆས་དང་ཤིང་ཆས་ཀྱི་བཟོ་རྩལ་ཁྱད་དུ་འཕགས་པ། འཚོ་བཅུད་ཕུན་སུམ་ཚོགས་པའི་བོད་སྒོང་དང་དཀར་ཆུའི་ཐོན་རྫས་ཡུལ་སྐོར་བའི་ལྗགས་སྨིན་དུ་གྱུར་པ་བཅས་ལས། ཡུལ་སྐོར་བས་ཐག་ཉེ་ས་ནས་ངམ་རིང་གི་ཡུལ་སྲོལ་གོམས་གཤིས་ཉམས་སུ་མྱོང་ཐུབ་པ་བྱུང་ཡོད།
ས་ཁོངས་བསྒྲལ་བའི་རིག་གནས་སྤེལ་རེས་ཀྱི་བྱེད་སྒོ་འདིས་རིག་གནས་འབྲེལ་ཐག་ཏུ་བྱས་ནས་རང་རང་གི་ཁྱད་ཆོས་ལྡན་པའི་ས་ཁོངས་རིག་གནས་ཕན་ཚུན་སྤེལ་རེས་དང་། ཕན་ཚུན་དཔྱད་གཞིར་འཛིན་རེས། དགེ་ལེན་སྐྱོན་སེལ་བཅས་བྱས་ཏེ། རིག་གནས་སྤེལ་རེས་བྱེད་རིང་ས་ཆ་གཉིས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མོས་སེམས་ཆེ་རུ་དང་བརྩེ་སེམས་ཟབ་ཏུ་བཏང་ཡོད་ལ། རིག་གནས་མཉམ་འདྲེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་བཏང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་དུ་བཏང་ཡོད། ད་དུང་ངམ་རིང་རྫོང་གི་ལྷ་མོའི་རིག་གནས་དང་། མངོན་མིན་རིག་གནས་ཤུལ་བཞག་ལག་ཤེས། ཁྱད་ལྡན་དངོས་ཟོག་བཅས་མི་དེ་བས་མང་བས་ཤེས་རྟོགས་ཐུབ་ནས། ངམ་རིང་གི་སྐད་གྲགས་ཆོད་ཚད་དང་མཚན་སྙན་ཆེ་རུ་གང་ལེགས་ཕྱིན་པ་མ་ཟད། ངམ་རིང་གི་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་དང་ཕྱི་ཕྱོགས་ཀྱི་སྤེལ་རེས་དང་མཉམ་ལས་ལ་ལས་སྟེགས་གསར་པ་བཏོད་ནས། ས་ཆ་གཉིས་ཀྱིས་ཕྱིས་སུ་རིག་གནས་དང་ཡུལ་སྐོར་ཐོན་ལས་དང་། རིག་གནས་རྒྱུན་འཛིན། ཤེས་ལྡན་པའི་སྤེལ་རེས་སོགས་ལ་མཉམ་ལས་གཏིང་ཟབ་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད་ལ། ངམ་རིང་གི་རིག་གནས་ས་མཐོ་ནས་དེ་བས་ཡངས་པའི་གར་སྟེགས་སུ་སྐྱོད་པར་ཡང་རམ་འདེགས་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།