དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གངས་ལྗོངས་ཀྱི་ལོ་ཆུང་བྱིས་པའི་རི་མོའི་བརྩམས་ཆོས་བར་སྣང་ས་ཚིགས་སུ་འགྲེམས་སྟོན་ཐུབ་དོན་གང་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-04-13

    མི་རིང་བའི་གོང་། བོད་ལྗོངས་ནག་ཆུ་གྲོང་ཁྱེར་སོག་རྫོང་གི་ལོ་ཆུང་བྱིས་པའི་རི་མོའི་བརྩམས་ཆོས་ཤིག་རྒྱལ་ཡོངས་ཀྱི་རི་མོའི་བརྩམས་ཆོས་ཁྲི་1.5ལྷག་ཙམ་ཁྲོད་ནས་འབུར་དུ་ཐོན་ཏེ་བར་སྣང་དུ་འགྲེམས་སྟོན་བྱེད་པའི་རི་མོའི་བརྩམས་ཆོས་80ཡི་གྲས་སུ་ཚུད་པ་དང་། ལྷ་གྲུ་ཨང་ཉེར་གཅིག་པའི་འཕུར་གྲུའི་ནང་བླུགས་ཏེ་ཀྲུང་གོའི་བར་སྣང་ས་ཚིགས་ཀྱི“སུམ་རྩེན་རི་མོའི་འགྲེམས་སྟོན”ཁྲོད་འགྲེམས་སྟོན་བྱས་ཤིང་། རི་མོ་འབྲི་མཁན་ནི་སོག་རྫོང་སློབ་ཆུང་གཉིས་པའི་ལོ་རིམ་ལྔ་པའི་འཛིན་གྲྭ་གསུམ་པའི་སློབ་མ་སྤྲིན་བྲལ་ཉི་མ་རེད།

    ས་མཐོའི་སློབ་ཆུང་སློབ་མ་ཞིག་གི་བརྩམས་ཆོས་བར་སྣང་ས་ཚིགས་སུ་འགྲེམས་སྟོན་ཐུབ་དོན་གང་ཡིན་ཞེ་ན། དེ་ནི་སོག་རྫོང་སློབ་ཆུང་གཉིས་པས་ལོ་མང་རིང་བྱང་ཚད་སློབ་གསོ་འཚོལ་ཞིབ་གཏིང་ཟབ་བྱས་པས་རེད།

    སློབ་གྲྭར་སྐྱོད་སྐབས། དེང་རབས་ཅན་གྱི་སློབ་ཁང་གྲལ་ལྟར་འགྲིག་པོར་གནས་པ་དང་ཁྱད་ལྡན་སློབ་ཚན་ནི་དེ་བས་ངོ་མཚར་ཆེ་བ་ཞིག་ཡོད། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་ཆ་འཕྲིན་ཅན་གྱི་དཔེ་སྟོན་སློབ་གྲྭ་ཡིན་པའི་སོག་རྫོང་སློབ་ཆུང་གཉིས་པས་ཉེ་བའི་ལོ་ཤས་རིང་། གསར་གཏོད་བར་མཐོངས་དང་། ཞབས་བྲོ་ཁང་། རོལ་དབྱངས་ཁང་། མཛེས་རྩལ་ཁང་། རིག་ལྡན་ལྟ་ཀློག་ཁང་། སྙན་སྒྲོན་ཁང་། སློབ་གྲྭའི་རླུང་འཕྲིན་ཁང་སོགས་དེང་རབས་ཅན་གྱི་ནུས་མང་སློབ་ཁྲིད་བྱ་ཡུལ་རབ་དང་རིམ་པ་ཚད་གཞི་མཐོ་པོས་བསྐྲུན་ཡོད།

    སྒྲིག་ཆས་ཆ་ཚང་ཞིང་ཕྱོགས་ཡོངས་ནས་མི་སྣ་གསོ་སྐྱོང་བྱེད་ས་ཞིག་བསྐྲུན་པ་དང་། སློབ་གྲྭས་སྒྱུ་རྩལ་རིགས་དང་། ལུས་རྩལ་རྩལ་འགྲན་རིགས། ཆ་འཕྲིན་ལག་རྩལ་རིགས་བཅས་ཁྱད་ལྡན་སློབ་ཚན་ཆེན་པོ་གསུམ་བཀོད་སྒྲིག་ཞིབ་ཚགས་བྱས་ཡོད། དཀའ་བ་སྤྱད་པས་གཡུར་ཟའི་འབྲས་བཟང་སྨིན། སྤྲིན་བྲལ་ཉི་མའི་རི་མོའི་བརྩམས་ཆོས་བར་སྣང་དུ་འགྲེམས་སྟོན་བྱས་པ་ཕུད། སློབ་གྲྭའི་སློབ་མར་ད་དུང་བོད་ལྗོངས་གཞོན་ནུ་ལོ་ཆུང་གི་མི་རིགས་མཐུན་སྒྲིལ་གྱི་ཡིག་གཟུགས་དང་རི་མོའི་འགྲན་བསྡུར་ཆེན་པོ་སྐབས་དང་པོར་རི་མོའི་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ་པ་དང་། ནག་ཆུ་གྲོང་ཁྱེར་གྱི་སྐབས་གསུམ་པའི“བྱང་ཐང་ལོ་ཆུང་བྱིས་པའི་གྲངས་འཛིན་གསར་རྩོམ”འགྲན་བསྡུར་ཆེན་པོ་དང་སློབ་མའི་བྱང་ཚད་སྤེལ་རེས་འགྲེམས་སྟོན་བྱེད་སྒོའི་སློབ་ཆུང་ཚོགས་ཆུང་གི་རྩིས་རྒྱག་བསམ་གཞིག་འགྲན་བསྡུར་ནང་བྱ་དགའ་ཨང་དང་པོ་ཐོབ་ཡོད།

    སྤྲིན་བྲལ་ཉི་མས“ངས་པིར་སྨྱུག་སྤྱད་དེ་སེམས་ནང་གི་ཕུགས་འདུན་དང་མེས་རྒྱལ་དར་རྒྱས་ཀྱི་རྣམ་པ་བྲིས་ཡོད། ངའི་རི་མོ‘སུམ་རྩེན་རི་མོའི་འགྲེམས་སྟོན’ནང་ཚུད་པ་ཤེས་རྗེས་སེམས་འགུལ་དང་སྤོབས་པ་ཆེན་པོ་སྐྱེས་བྱུང་། ངས་རྒན་ལགས་ཀྱི་མཛུབ་ཁྲིད་གནང་བར་ཐུགས་རྗེ་ཆེ་ཞུ་གི་ཡིན་ལ། འཇིག་རྟེན་འཕུར་སྐྱོད་པས་གསལ་འགྲེལ་གནང་བར་ཡང་ཐུགས་རྗེ་ཆེ་ཞུ་གི་ཡིན། གཟི་བརྗིད་མཚན་སྙན་དེས་ང་ལ་སློབ་སྦྱོང་དེ་བས་ཡག་པོ་བྱེད་པར་སྐུལ་ལྕག་ཐེབས་བྱུང་། སླད་ཕྱིན་ཤེས་བྱ་དང་པིར་སྨྱུག་ལ་བརྟེན་ནས་རྒྱ་ཆེ་བའི་འབྱུང་འགྱུར་བཏོད་དེ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་བཤད།

    “ང་ཚོས་ཐོག་མཐའ་བར་གསུམ་དུ་བྱང་ཚད་སློབ་གསོའི་བླང་བྱར་དམ་པོར་དམིགས་ནས། སློབ་ཁྲིད་སྒྲིག་ཆས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་དང་སློབ་ཚན་གྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་གི་ཡོད”ཅེས་སློབ་གྲྭའི་གློག་སྤྱད་སློབ་ཁྲིད་ཀྱི་འགན་འཁུར་བ་ཚེ་རིང་དངོས་གྲུབ་ཀྱིས་བཤད་པ་དང་། ཁོང་གིས། བྱེད་ནུས་མང་བའི་བར་མཐོངས་དང་ཁྱད་ལྡན་སློབ་ཚན་དེ་དག་གཏོད་དོན་ནི་ཕྲུ་གུ་ཚང་མར་རང་ཉིད་ཀྱི་དགའ་ཕྱོགས་རྙེད་པ་དང་ཁོང་ཚོའི་མི་མངོན་པའི་ནུས་པ་སྔོག་འདོན་བྱ་ཆེད་ཡིན་ཞེས་ངོ་སྤྲོད་བྱས།

    སོག་རྫོང་སློབ་ཆུང་གཉིས་པའི་སློབ་སྤྱི་ཟླ་བས། གོམ་སྟབས་རྗེས་མར་སློབ་གྲྭས་སློབ་ཁྲིད་ཐོན་ཁུངས་རྒྱུན་མཐུད་ལེགས་སུ་གཏོང་བ་དང་། ཁྱད་ལྡན་སློབ་ཚན་རིམ་སྤོར་བྱེད་པ། སློབ་གཉེར་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་བཅས་བྱས་ནས་ཕྲུ་གུ་ཚང་མའི་འཚར་ལོངས་ལ་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།