ལྷ་སའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོམ་སྟབས་བརྟན་པ།
2025ལོར་ལྷ་སའི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་སྟོང་གི་འགག་སྒོ་ཆེན་པོ་ལས་བརྒལ་ནས་སྒོར་དུང་ཕྱུར་1090.99ཟིན་ཏེ་བོད་ཀྱི་སྒོར་དུང་ཕྱུར་སྟོང་རིམ་པའི་གྲོང་ཁྱེར་ཐོག་མར་གྱུར་ཡོད། དུང་ཕྱུར་སྟོང་གི་གྲུབ་འབྲས་ནི་ཐོན་ལས་མ་ལག་ཕྱོགས་སྒྱུར་རིམ་སྤོར་དང་། གཟིགས་སྐྱོང་སྲིད་ཇུས་མུ་མཐུད་ལག་བསྟར། སྒོ་དབྱེའི་བཀོད་པ་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་བ་བཅས་ལས་བྱུང་བ་ཞིག་རེད། བྱེད་ནུས་ཆེན་པོ་གསུམ་གྱིས“ཉི་འོད་གྲོང་ཁྱེར”སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་གོམ་སྟབས་བརྟན་པོ་སྤོ་བར་སྐུལ་འདེད་བཏང་ཡོད།
ཐོན་ལས་རིམ་སྤོར་བྱུང་བ།
མཚན་མོ་ཕྲ་ཆིལ་ཆིལ་གྱི་གློག་འོད་འོག་ལྷ་ས་སྐྱིད་ཆུ་དེ་བས་སྐྱིད་སྣང་དོད་ལ། གློག་སྒྲོན་གྱིས་བརྒྱན་པའི་གྲུ་གཟིངས་ནང་ཡུལ་སྐོར་བ་ཚོ་ཅི་དགར་རོལ་བཞིན་ལྷ་སའི་མཚན་ལྗོངས་ལ་མྱོང་རོལ་བྱེད་བཞིན་འདུག ལྷ་ས་གྲོང་ཁྱེར་གྱི་གཙོ་གནད་རིག་གནས་ཡུལ་སྐོར་རྣམ་གྲངས་ཏེ“བརྩེ་བས་ཕྱུག་པའི་ལྷ་ས་སྐྱིད་ཆུ”ཞེས་པ་སྤེལ་འགོ་ཚུགས་ནས་ཡུལ་སྐོར་བས་ལྷ་སའི་མཚན་མོའི་མཛེས་ལྗོངས་ཉམས་ལེན་ཐུབ་ཀྱི་ཡོད་ལ། དེ་ལས་ལྷ་སའི་རིག་གནས་ཡུལ་སྐོར་དེ“ལྟ་སྐོར་གཅིག་པུ”ནས“ཉམས་ལེན་ཟབ་མོའི”བར་འགྱུར་ལྡོག་བྱུང་བའང་མཚོན་གྱི་ཡོད།
རིག་གནས་དང་ཡུལ་སྐོར་ཐོན་ལས་ནི་ལྷ་སའི་གཙོ་ཁྲིད་ཐོན་ལས་ཤིག་རེད། 2025ལོར། ལྷ་སས་ཁུལ་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ཀྱི་འཐབ་ཇུས་ཆེ་མོར་མུ་མཐུད་སྐུལ་འདེད་གཏིང་ཟབ་བཏང་ནས་ཐོན་ལས་ཀྱི་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་བཏང་ཡོད། ཞིམ་ཟས་ལོངས་སུ་སྤྱོད་རྒྱུ་ཡོད་ལ་མཛེས་ལྗོངས་ལའང་ལྟ་ཐུབ་པའི་སྟེང་ཤོད་གཉིས་ཡོད་པའི་རླངས་འཁོར་ཐོག་མར་ནང་འདྲེན་བྱས་ནས་རིག་གནས་དང་ཡུལ་སྐོར་ཞབས་ཞུའི་ས་ཚིགས་9བཙུགས་ཡོད་པ་རེད།
ལྷ་སའི“གངས་ལྗོངས་གནའ་གྲོང་། གནས་མཆོག་ལྷ་ས”ཞེས་པའི་རིག་གནས་དང་ཡུལ་སྐོར་དུས་ཆེན་སྐབས་དང་པོ་དང་། རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚོགས་ཆེན། ཡུལ་སྐོར་ཚོང་པའི་ཚོགས་ཆེན་དང་རིག་གནས་ཡུལ་སྐོར་གྱི་ཚོང་འགུགས་མ་འདྲེན་འོས་སྦྱོར་ཚོགས་འདུ། འཛམ་གླིང་ཡུལ་སྐོར་མནའ་འབྲེལ་ཚོགས་མིའི་ཉིན་མོའི་བྱེད་སྒོ མཉམ་སྡེབ་གཉེན་སྒྲིག་དགའ་སྟོན་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་ཡོད། ལྷ་སས་རིག་གནས་དང་ཡུལ་སྐོར་དུས་ཆེན་གོ་སྐབས་སུ་བྱས་ཏེ་རིག་གནས་དང་། ཡུལ་སྐོར། ཚོང་ལས་བཅས་མཉམ་འདྲེས་གཏིང་ཟབ་དང་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་ནས“འཛམ་གླིང་ཡང་རྩེའི”རིག་གནས་དང་ཡུལ་སྐོར་སྤུས་རྟགས་གཏོད་པར་རམ་འདེགས་བྱས་པ་མ་ཟད། གངས་ལྗོངས་ས་མཐོའི་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་བཀོད་པ་སླར་ཡང་བཏོད་ཡོད།
བྱེད་ཐབས་རབ་དང་རིམ་པར་གྲུབ་འབྲས་མངོན་གསལ་ཐོབ་ཅིང་། 2025ལོར་ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་5051ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་16.8%འཕར་བ་དང་། ཡུལ་སྐོར་གྱི་སྤྱིའི་འགྲོ་སོང་སྒོར་དུང་ཕྱུར་606ཟིན་པ་དེ་དུས་མཚུངས་ལས་14.5%འཕར་ཡོད།
སྲིད་ཇུས་ཀྱིས་མཐུན་རྐྱེན་སྦྱར་བ།
ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ལྗང་གསོ་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིའི་ལྗང་གསོ་ར་བར་ལྗང་པ་སྔོ་ཐིང་ངེར་འཚར་ཡོད་ཅིང་། 2019ལོར་ཀུང་སི་དེ་བཙུགས་ཚུན། ཀུང་སིས་ཆུ་ཤུར་རྫོང་གནམ་ཤང་ལྗང་གྲོང་ཚོས་ནང་བཤུག་བཏང་བའི་ས་ཞིང་མུའུ་215ལ་ཁྱོན་མ་དངུལ་སྒོར་ཁྲི་5000ལྷག་ཙམ་བཏང་ནས་དེང་རབས་ཞིང་ལས་ཀྱི་ཚན་རྩལ་མཐོ་བའི་དཔེ་སྟོན་གླིང་བསྐྲུན་ཞིང་། མིག་སྔར“ཐོན་སློབ་ཞིབ་ཁྱབ་སྤྱོད”གཞི་གཅིག་ཅན་གྱི་ལས་སྟེགས་ཕྱོགས་ཡོངས་ནས་བསྐྲུན་ཏེ་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བཞིན་ཡོད།
“བོད་ལ་མ་འཇོག་བྱེད་པར་དང་ཐོག་ལྷ་ས་གདམ་ག་བྱེད་དགོས”ཞེས་པ་འབོད་ཚིག་ཅིག་གཏན་ནས་མིན། ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས་སྲིད་ཇུས་ཀྱི་ཡིད་དབང་འགུག་ཤུགས་ལ་བརྟེན་ནས་ཚོང་འགུགས་མ་འདྲེན་གྱི་ལས་དོན་སྤེལ་ཡོད། ལྷ་སས“དཔེ་རིས་གཅིག་དང་མཛོད་གཉིས”ཀྱི་རྣམ་པ་གསར་པ་གསར་གཏོད་བྱས་ནས་ཚོང་འགུགས་མ་འདྲེན་དོན་ཐོག་ཏུ་འཁྱོལ་བར་དམ་འཛིན་བྱས་ཏེ། རིག་གནས་རོལ་རྩེད་དང་བཟའ་བཏུང་སོགས་འཛད་སྤྱོད་ཀྱི་ལས་རྣམ་གསར་པ་ཁག་གཅིག་བཏོད་པ་དང་བཟོ་སྐྲུན་རྣམ་གྲངས་གསར་པ་བདེ་བླག་ངང་དོན་འཁྱོལ་ཐུབ་སྟེ་ལོ་ཧྲིལ་པོར་ཚོང་འགུགས་མ་འདྲེན་གྱི་མ་དངུལ་སྒོར་དུང་ཕྱུར་305.46དོན་འཁྱོལ་བྱས་ཡོད། གྲོང་ཁྱེར་ཡོངས་སུ་སྒོར་ཁྲི་5000ཡན་གྱི་མ་འཇོག་རྣམ་གྲངས་ཁག་96དང་། མཐོ་གསར་ལག་རྩལ་ཁེ་ལས་61 གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་11བཅས་གསར་འཕར་བྱུང་ཡོད།
ན་ནིང་ཟླ་5པར། སྤྱིའི་གཞི་ཁྱོན་སྒོར་དུང་ཕྱུར་15ཟིན་པའི་ལྷ་ས་གྲོང་ཁྱེར་གྱི་ཐོན་ལས་སྟོབས་ཆེའི་གྲོང་ཁྱེར་གྱི་ཐེབས་རྩ་ཨ་མ་དངོས་སུ་བཙུགས་པ་དང་འབྲེལ་སྤྱོད་འགོ་ཚུགས་པའི་ཁྱབ་བསྒྲགས་ཀྱང་བྱས་ཤིང་། ཐེབས་རྩ་དེ་ནི་བོད་ཀྱི་སྲིད་གཞུང་རང་བཞིན་གྱི་ཐོན་ལས་ཐེབས་རྩ་དང་པོ་དེ་ཡིན་ལ། ལྷ་ས་གྲོང་ཁྱེར་གྱིས་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། ཐོན་སྐྱེད་ནུས་ཤུགས་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཀྱང་རེད། ལྷ་ས་གྲོང་ཨུད་ནོར་སྲིད་གཞུང་ལས་ཁང(གྲོང་ཁྱེར་ས་གནས་ཀྱི་དངུལ་རྩ་ལྟ་འདོམས་ཅུས)གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར། མིག་སྔར། ཐེབས་རྩ་ཨ་མས་ཐད་འཇོག་རྣམ་གྲངས་མ་དངུལ་སྒོར་ཁྲི་5000ཐོག་མར་རྩིས་སྤྲོད་རྩིས་ལེན་བྱས་ཡོད། གཞི་ཁྱོན་སྒོར་དུང་ཕྱུར་3དང་སྒོར་དུང་ཕྱུར་2སོ་སོར་ཟིན་པ་དང་གཙོ་གནད་གྲངས་འཛིན་ཐོན་ལས་དང་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་ཡན་ལག་ཐེབས་རྩ་གཉིས་གཅིག་རྗེས་གཉིས་མཐུད་ངང་ཐོ་བཀོད་བྱས་ཡོད།
ལྷ་སས་ད་དུང《ལྷ་ས་གྲོང་ཁྱེར་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་སྲོལ་ཡིག》ཁྱབ་བསྒྲགས་བྱས་ཏེ་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི“བྱེད་ཐབས་ཁག་18”བཏོན་པ་དང“དྲ་གཅིག་ཀུན་སྒྲུབ”ཀྱི་འདུས་གྲུབ་སྒྱུར་བཅོས་ཟབ་ཏུ་བཏང་ནས་ཁེ་ལས་དང་འབྲེལ་བའི་སྲིད་འཛིན་ཁྲིམས་སྒྱུར་གྱི་ཆེད་དོན་བྱ་སྤྱོད་ཚད་ལྡན་དུ་བཏང་ཡོད། 2025ལོར་ལྷ་སར་རིགས་ཁག་གི་གཉེར་སྐྱོང་བྱེད་པོའི་ཚོང་དུད་ཁྲི་2.89མང་དུ་ཕྱིན་པ་དང་ལྷ་སར་ཐོ་བཀོད་བྱས་པའི་གཉེར་སྐྱོང་བྱེད་པོའི་ཚོང་དུད་ཁྲི་21.31ཟིན་པ་དེས་བོད་ཀྱི་གསུམ་ཆ་གཅིག་བཟུང་ཡོད།
སྒོ་དབྱེ་འཕེལ་རྒྱས་བྱུང་བ།
ནུས་གསར་རླངས་འཁོར་དང་ལིས་གློག་རྫས་སོགས“རྣམ་གསར་གསུམ”དང་དེ་བཞིན་ས་མཐོའི་ཁྱད་ལྡན་ཐོན་རྫས་བྱུར་བུར་བླུགས་པའི་དོས་སྒམ་རླངས་འཁོར་ལྷ་སའི་ཨེ་ཤེ་ཡ་ལྷོ་མའི་རྒྱལ་སྒྲོལ་དྲ་ཚོང་ཐོན་ལས་གླིང་ནས་ཐོན་ཏེ་ལྷོ་ཕྱོགས་བརྒྱུད་ནེ་པ་ལའི་ཚོང་ཤག་གི་ལག་ཏུ་འབྱོར་ཡོད། ད་ཆ་ལྷ་ས་འགག་སྒོས“སྔ་སྣུར་དུ་རེ་ཞུ་བྱེད་པ་དང་། འབྱོར་མ་ཐག་ཞིབ་བཤེར་བྱས་ནས་གཏོང་བ”སོགས་སྟབས་བདེ་ཅན་གྱི་བྱེད་ཐབས་ལ་བརྟེན་པ་དང་ནེ་པ་ལའི་འགག་སྒོར་ཐོ་འགོད་བྱས་པ་དང་ལྷ་སར་བསྐྲུན་པའི་རྒྱལ་ཡོངས་ཀྱི་ཕྱི་རྒྱལ་མཛོད་ཁང་ཐོག་མ་འདེགས་སྐྱོར་བྱས་པར་བརྟེན། ལྷ་ས་དང་ནེ་པ་ལའི་དབར་གྱི་ཚོང་དོན་འགྲོ་འོང་དེ་བས་སྟབས་བདེ་རུ་ཕྱིན་ཏེ་ཀྲུང་ནེའི་དཔལ་འབྱོར་ཚོང་དོན་འགྲོ་འོང་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
2024ལོའི་ཟླ་6ཚེས་27ཉིན་ལྷ་སར་རྒྱལ་སྒྲོལ་དྲ་ཚོང་འཕེལ་རྒྱས་ཐད་ཚད་བརྒལ་ཆེན་པོ་བྱུང་ཞིང་། གོ་སྐབས་དེར་བརྟེན་ནས་ལྷ་སས་ཨེ་ཤེ་ཡ་ལྷོ་མའི་རྒྱལ་སྒྲོལ་དྲ་ཚོང་ཐོན་ལས་གླིང་མགྱོགས་མྱུར་བསྐྲུན་ཡོད། ན་ནིང་ཟླ་5པར་གླིང་ཁུལ་དེ་བོད་རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་རིམ་པའི་རྒྱལ་སྒྲོལ་དྲ་ཚོང་ཐོན་ལས་གླིང་ཐོག་མར་བདེ་བླག་ངང་བདམས་པ་མ་ཟད། དངོས་སུ་སྒོ་བྱང་བཀལ་ནས་གཉེར་སྐྱོང་བྱས་པ་དང་ཟླ་དེར་ཕྱིར་གཏོང་དངུལ་འབོར་སྒོར་དུང་ཕྱུར་1.4ཟིན་ཡོད། རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་1.6ཟིན་པའི་གླིང་ཁུལ་དེར་སྨི་ངོས་གྲུ་1800ཟིན་པའི་ནེ་པ་ལའི་ཕྱི་རྒྱལ་མཛོད་ཁང་དང་། རིག་ནུས་ཟོག་འགྲུལ། རྒྱལ་སྒྲོལ་ཚོང་དོན། གསར་གཏོད་སྐྱོང་གསོ་སོགས་ཀྱི་ནུས་པ་གཞི་གཅིག་ཏུ་འདུས་ཡོད། ཚོད་ལྟའི་གཉེར་སྐྱོང་བྱས་པ་ནས་ད་བར་གླིང་ཁུལ་དུ་རྒྱལ་སྒྲོལ་དྲ་ཚོང་ཁེ་ལས་24བཅའ་སྡོད་བྱས་པ་དང་རིམ་རྩིས་བརྒྱབ་ན་རྒྱལ་སྒྲོལ་དྲ་ཚོང་གི་ཉོ་ཚོང་དངུལ་འབོར་སྒོར་དུང་ཕྱུར་27ཟིན་ཡོད།
ལྷ་སའི་ཨེ་ཤེ་ཡ་ལྷོ་མའི་རྒྱལ་སྒྲོལ་དྲ་ཚོང་ཐོན་ལས་གླིང་གི་སྤྱི་ཁྱབ་ཅིང་ལི་ཙོའུ་ཤིན་ཧྲེང་གིས། མིག་སྔར་གླིང་ཁུལ་དུ་སྐྲུན་བཞིན་པའི་ཁུལ་གསུམ་ལས་གྲྭར་དོས་སྒམ་འཇོག་ས་དང་། ཚད་གཞི་མཐོ་བའི་གྲང་ཕྲེང་མཛོད་ཁང་ལྟེ་གནས། རིག་ནུས་ཟོག་འགྲུལ་གྲངས་འཛིན་ཅན་གྱི་ལས་སྟེགས་བཅས་ཡོད། ལས་གྲྭ་བསྐྲུན་རྗེས་དངོས་ཟོག་འཁོར་རྒྱུག་གི་ལས་ཕྱོད་30%མཐོ་རུ་འགྲོ་རྒྱུ་དང་ཕྱོགས་བསྡུས་ཟོག་འགྲུལ་གྱི་མ་གནས་20%དམའ་རུ་འགྲོ་རྒྱུ་རེད། གཞན་ཡང་ནེ་པ་ལའི་ཕྱི་རྒྱལ་མཛོད་ཁང་གི་དུས་ཐེངས་གཉིས་པའི་འཛུགས་སྐྲུན་ལ་དུས་གཅིག་ཏུ་སྐུལ་འདེད་བཏང་ནས་ཁེ་ལས་ཀྱིས་ཨེ་ཤེ་ཡ་ལྷོ་མའི་ཁྲོམ་ར་གསར་འབྱེད་བྱ་རྒྱུར་འཁོར་འབྲེལ་ཧྲིལ་པོའི་འདེགས་སྐྱོར་མཁོ་འདོན་ཐུབ་རྒྱུ་རེད་ཅེས་བཤད།
བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2025ལོར་བོད་རང་སྐྱོང་ལྗོངས་དངོས་ཟོག་ཚོང་དོན་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་84.79ཟིན་ཞིང་། ལྗོངས་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་ལྟེ་བ་ཡིན་པའི་ལྷ་ས་གྲོང་ཁྱེར་གྱི་དུས་མཚུངས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་56.69ཟིན་ནས་ལྗོངས་ཡོངས་ཀྱི་བསྡོམས་འབོར་ཁྲོད་67%བཟུང་བ་དང་བསྡོམས་འབོར་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། དེའི་ནང་ལྷ་ས་གྲོང་ཁྱེར་གྱི་ནང་འདྲེན་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་22.81ཟིན་ནས་ལྗོངས་ཡོངས་ཀྱི་ནང་འདྲེན་བསྡོམས་འབོར་གྱི་97%བཟུང་སྟེ་དུས་མཚུངས་ལས་85%འཕར་བ་དང་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཏེ་གངས་ལྗོངས་ས་མཐོ་འདི་ཉིད་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཏུ་གྱུར་པ་མ་ཟད། ས་མཐོ་འཛམ་གླིང་ལ་ཕྱོགས་པའི་སྒོ་དབྱེའི་རྣམ་པའང་མངོན་ཡོད།
(《དཔལ་འབྱོར་ཉིན་རེའི་ཚགས་པར》ནས་བཏུས)
འབྲེལ་ཡོད་གསར་འགྱུར།