ལག་གདང་སྦྲེལ་ནས་འབད་འཐབ་བྱེད། མཛེས་སྡུག་འབྱུང་འགྱུར་མཉམ་དུ་གཏོད།
—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ངོགས་གཉིས་ཀྱི་སྤུན་ཟླས་མི་རིགས་ཀྱི་བདེན་དོན་མཐའ་འཁྱོངས་དང་ཐུན་མོང་ཁྱིམ་གཞིས་སྲུང་སྐྱོང་བྱེད་པར་སྐུལ་ལྕག་ཐེབས་པ།
ཟླ་4ཚེས་10ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཀྲུའུ་ཞི་ཀྲེང་ལི་ཝུན་གྱིས་སྣེ་ཁྲིད་གནང་བའི་ཀྲུང་གོ་གོ་མིན་ཏང་གི་འཚམས་འདྲི་ཚོགས་པ་དང་མཇལ་འཛོམས་གནང་སྐབས། གསུང་བཤད་གལ་ཆེན་གནང་བར་རྒྱལ་ཁབ་ཕྱི་ནང་གི་ཚད་མཐོའི་དོ་ཁུར་ཐོབ་པ་དང་ངོགས་གཉིས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་རེད།
ངོགས་གཉིས་ཀྱི་ལས་རིགས་ཁག་གི་མི་སྣ་དང་རིགས་གཅིག་མཁས་ཅན་དང་མཁས་དབང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཀྱི་མཐོ་ཚད་ནས་དུས་བབ་གསར་པའི་འོག་ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་པོར་སྐུལ་འདེད་གཏོང་བའི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་ལ་གསལ་བཤད་གཏིང་ཟབ་གནང་ཞིང་། དེ་ཐོག་ནས་མི་རིགས་ཀྱི་ཁྱིམ་ཞེན་རྒྱལ་ཞེན་གྱི་བརྩེ་བ་ཟབ་མོ་མངོན་པ་དང་། སྤུན་ཟླ་ཐའེ་དབན་བར་བཅངས་པའི་བརྩེ་བ་ཟབ་མོ་འདུས་པ། ངོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད། དེ་ནི་དུས་རབས་གསར་པར་ཐའེ་དབན་གྱི་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡིན་པས། ངོགས་གཉིས་ཀྱི་སྤུན་ཟླ་ཚོས་ལག་གདང་སྦྲེལ་ནས་མེས་རྒྱལ་གཅིག་གྱུར་དང་མི་རིགས་བསྐྱར་དར་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་པར་སྐུལ་ལྕག་ཐེབས་ངེས་རེད་ཅེས་བརྗོད་པ་རེད།
ཡང་དག་པའི་མོས་སེམས་ལ་བརྟེན་ནས་སེམས་པ་གཅིག་མཐུན་ཡོང་བར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་དོན། ཁྱིམ་ཚང་གཅིག་གི་ནང་མི་མཉམ་དུ་གཤིབ་སྐབས། སྐད་ཆ་ཡོད་ན་ཡག་པོ་ཤོད་པ་དང་དོན་དག་ཡོད་ན་གྲོས་བསྡུར་མང་ཙམ་བྱས་ཚེ། སེལ་མི་ཐུབ་པའི་འགལ་བ་གཅིག་ཀྱང་མེད།
“གོ་མིན་ཏང་དང་གུང་ཁྲན་ཏང་གཉིས་ཀྱི་འགོ་ཁྲིད་པ་ལོ་10སོང་རྗེས་སླར་ཡང་ཐུག་འཕྲད་བྱུང་བ་དེ་ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་འཕེལ་རྒྱས་འགྲོ་བའི་ངོས་ནས་བརྗོད་ན་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད” ཐའེ་དབན་གཅིག་གྱུར་མནའ་འབྲེལ་ཏང་གི་མཚན་འཛིན་ཀྲུའུ་ཞི་ཆི་ཅ་ལིན་གྱིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ངོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་མཛུབ་ཁྲིད་གནང་ཡོད། ཐའེ་དབན་སྤྱི་ཚོགས་ལས་རིགས་ཁག་གིས་ད་ཐེངས་མཇལ་འཛོམས་ཀྱི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ནས་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱེད་དགོས་ཞེས་བརྗོད་པ་རེད།
ཐའེ་དབན《ལྟ་ཞིབ》དུས་དེབ་འགྲེམས་སྤེལ་བ་ཅི་ཤིན་གྱིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དོན་སྙིང་ཟབ་མོ་ཡོད་ཅིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“‘གོ་གཉིས་ལོའི་ཐུན་མོང་ངོས་འཛིན’མཐའ་འཁྱོངས་དང‘ཐའེ་དབན་རང་བཙན’ལ་ངོ་རྒོལ་བྱེད་པའི་ཐུན་མོང་གི་ཆབ་སྲིད་རྨང་གཞིའི་ཐོག་ཀྲུང་གོ་གོ་མིན་ཏང་ཚུད་པའི་ཐའེ་དབན་གྱི་སྲིད་ཏང་ཁག་དང་། ཚོགས་པ་ཁག སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱི་མི་སྣ་དང་མཉམ་དུ་སྤེལ་རེས་གླེང་མོལ་ལ་ཤུགས་སྣོན་རྒྱག་འདོད་ཡོད”ཅེས་ནན་བཤད་གནང་བ་དེས་གླིང་ཕྲན་ནང་ཁུལ་གྱི་སྤྱི་ཚོགས་ལས་རིགས་ཁག་ལ་སྐུལ་ལྕག་གི་ནུས་པ་ཤུགས་ཆེན་ཐོན་ཡོད་ཅེས་བརྗོད་པ་རེད།
“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ངོགས་གཉིས་ཀྱི་སྤུན་ཟླ་ནི་རྩ་བ་དང་འབྱུང་ཁུངས་གཅིག་པ་དང་། རིག་གནས་དང་རིགས་རྒྱུད་གཅིག་པ། ཁྲག་རྒྱུན་གཅིག་པ་བཅས་ཡིན་པའི་ལོ་རྒྱུས་དང་ཁྲིམས་གཞིའི་དོན་དངོས་གསལ་འགྲེལ་གཏིང་ཟབ་གནང་ནས། ‘སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བ་ནི་ཁ་ཕྲལ་བྱེད་སྤྱོད་སྤེལ་བའི་ཁ་གཡར་ས་དེ་མིན’ཞེས་གསལ་སྟོན་གནང་ཡོད། དེར་གཞི་སྒྱུར་རྩ་སྒྱུར་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་འདུས་ཡོད” ཆིང་ཧྭ་སློབ་ཆེན་སྤྱི་ཚོགས་བཅོས་སྐྱོང་དང་འཕེལ་རྒྱས་ཞིབ་འཇུག་ཁང་གི་ཞིབ་འཇུག་ལས་རོགས་ཁྲེན་དབྱི་ཤོན་གྱིས། སྐམ་ས་ཆེན་པོར་ཡོད་པའི་ཐའེ་དབན་གྱི་གཞོན་ནུ་ཞིག་ཡིན་པའི་ངོས་ནས་ངོགས་གཉིས་མཉམ་འདྲེས་འཕེལ་རྒྱས་ཆེད་སྟོབས་ཤུགས་སྐྱེས་སུ་ཕུལ་ཏེ། སྐམ་ས་ཆེན་པོའི་གཞོན་ནུ་དང་ལག་གདང་སྦྲེལ་ནས་མི་རིགས་བསྐྱར་དར་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་མཉམ་དུ་སྐྱོད་དགོས་ཞེས་བརྗོད་པ་རེད།
ཞི་བའི་འཕེལ་རྒྱས་ལ་བརྟེན་ནས་ཐུན་མོང་ཁྱིམ་གཞིས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་དོན། ངོགས་གཉིས་ཀྱི་སྤུན་ཟླས་ཐུན་མོང་ཁྱིམ་གཞིས་འདི་སྲུང་སྐྱོང་དང་འཛུགས་སྐྲུན་ཡག་པོ་བྱེད་པའི་རྩ་བ་ནི“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”མཐའ་འཁྱོངས་དང“ཐའེ་དབན་རང་བཙན”ལ་ངོ་རྒོལ་བྱེད་པར་ཐུག་པ་དང་། ལྟེ་བ་ནི་ངོགས་གཉིས་ཀྲུང་གོ་གཅིག་གི་ཁོངས་སུ་གཏོགས་པའི་ངོས་འཛིན་གཅིག་མཐུན་ཡོང་བར་བྱེད་པ་དེ་ཡིན།
“ལོ་10སོང་རྗེས་ཏང་གཉིས་པོའི་འགོ་ཁྲིད་པ་མཇལ་འཛོམས་གནང་སྐབས་སྔར་བཞིན་ལྷག་བསམ་ཟོལ་མེད་ཡིན་པ་དེ་ཐོག་ནས་ངོགས་གཉིས་ཞི་བའི་འཕེལ་རྒྱས་ཡོང་རེ་བྱེད་པའི་ཐུན་མོང་གི་བསམ་འདུན་དང་ཀུན་སློང་བཟང་པོ། ལྷག་བསམ་རྣམ་དག་བཅས་གང་ལེགས་མངོན་ཡོད” ཚེས་10ཉིན་གྱི་ཕྱི་དྲོའི་གསར་འགོད་པའི་ཚོགས་འདུའི་ཐོག་ཀྲེང་ལི་ཝུན་གྱིས། དེ་ཐོག་ནས་ངོགས་གཉིས་སྤེལ་རེས་དང་གླེང་མོལ་གྱི་ཆབ་སྲིད་ཀྱི་རྨང་གཞི་འབའ་ཞིག་ནི“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”མཐའ་འཁྱོངས་དང“ཐའེ་དབན་རང་བཙན”ལ་ངོ་རྒོལ་བྱེད་དགོས་པ་དེ་ཡིན་པ་ར་སྤྲོད་བྱུང་ཡོད་ཅེས་གསུངས་པ་རེད།
“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་སྤྱི་ཡོངས་ཀྱི་ཁེ་ཕན་གྱི་མཐོ་ཚད་ཐོག་ནས‘ངོགས་གཉིས་ཀྱི་སྤུན་ཟླ་རྣམས་ཀྲུང་ཧྭ་མི་རིགས་ཀྱི་ཁོངས་གཏོགས་གཅིག་པ་ཡིན་པ’དང‘སྐམ་ས་ཆེན་པོ་དང་ཐའེ་དབན་གཉིས་ཀ་ཀྲུང་གོ་གཅིག་གི་ཁོངས་སུ་གཏོགས་པ་དང་། ཀྲུང་གོ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཁྱིམ་གཞིས་ཡིན’ཞེས་ནན་བཤད་གནང་ཡོད་ལ། ‘ཐའེ་དབན་རང་བཙན’ནི་ཐའེ་དབན་མཚོ་འགག་གི་ཞི་བདེར་གཏོར་བཤིག་གཏོང་མཁན་གཏེ་པོ་དེ་ཡིན་ཞེས་ནན་བཤད་ཀྱང་གནང་ཡོད” ནན་ཅིན་སློབ་ཆེན་ཐའེ་དབན་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ལིའུ་ཤང་ཕིང་གིས་ངོས་འཛིན་བྱས་དོན། མིག་སྔའི་རྙོག་འཛིང་དང་ཛ་དྲག་ཆེ་བའི་ཐའེ་དབན་མཚོ་འགག་གི་དུས་བབ་འོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཡང་དག་པའི་མི་རིགས་ཀྱི་མོས་སེམས་དང་། རིག་གནས་ཀྱི་མོས་སེམས། རྒྱལ་ཁབ་ཀྱི་མོས་སེམས་བཅས་གཏོད་པ་དང་། ངོགས་གཉིས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་པོ་འཛུགས་པར་ཕན་ཐོགས་ཡོད་པ་རེད།
“ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་ཁྱིམ་གཞིས་ཡིན་པའི་ཀྲུང་གོ་འདི་ཉིད་སྲུང་སྐྱོང་ཡག་པོ་དང་འཛུགས་སྐྲུན་ཡག་པོ་བྱས་ནས་ས་གཞི་འདི་ཉིད་དེ་བས་འཆམ་མཐུན་དང་ཡུལ་མི་སྤུན་ཟླ་ཚོ་དེ་བས་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་བྱེད་པ་ནི་ངོགས་གཉིས་ཀྱི་སྤུན་ཟླས་རྒྱུན་དུ་སེམས་གཏིང་ནས་འཆང་བའི་རེ་སྒུག་ཅིག་རེད” སི་ཁྲོན་ཏ་ལེང་ཧྲན་དུ་རྩ་བ་ཚུགས་ནས་སྐྱུ་རུ་ཤིང་འདེབས་འཛུགས་བྱེད་མཁན་ཐའེ་དབན་གྱི་གཞོན་ནུ་ལིན་ཧྲུའུ་རེན་གྱིས། ངོགས་གཉིས་ཀྱི་སྤུན་ཟླའི་དབར་སྤེལ་རེས་མང་ཙམ་དང་རྒྱུན་དུ་འགྲོ་འོང་བྱས་ནས་འབད་འཐབ་བྱེད་རིང་ཕན་ཚུན་བསམ་ཤེས་དང་ཕན་ཚུན་གྲུབ་འབྲས་ཐོབ་པའི་རེ་བ་བྱེད་ཀྱི་ཡོད། “ངས་མུ་མཐུད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་སེམས་བཟང་བརྒྱུད་སྤྲོད་བྱེད་འདོད་ཡོད”ཅེས་བརྗོད་པ་རེད།
སྤེལ་རེས་དང་མཉམ་འདྲེས་ལ་བརྟེན་ནས་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་དོན། ང་ཚོས་ངོགས་གཉིས་ཁྱིམ་ཚང་གཅིག་ཡིན་པའི་འདུ་ཤེས་མུ་མཐུད་རྒྱུན་འཁྱོངས་བྱས་ནས་སྤུན་ཟླ་ཐའེ་དབན་བར་བྱ་བ་དངོས་སྒྲུབ་པ་དང་། བྱ་བ་བཟང་པོ་སྒྲུབ་པ། དཀའ་གནད་སེལ་བ་བཅས་ཧུར་ཐག་བྱེད་ཀྱི་ཡིན།
ཧོང་ཙི་ཡུས་ནི་སྒྱུར་བཅོས་སྒོ་དབྱེ་བྱས་རྗེས་སྐམ་ས་ཆེན་པོར་མ་འཇོག་བྱེད་པར་ལོག་སྔ་ཤོས་ཀྱི་ཐའེ་དབན་ཚོང་པའི་གྲས་ཤིག་ཡིན་ཞིང་། ཁོང་གིས“ངས་སྐམ་ས་ཆེན་པོའི་འཕེལ་རྒྱས་འཛུགས་སྐྲུན་ལ་བདེན་དཔང་དང་དེའི་ནང་དངོས་སུ་ཞུགས་ཡོད་པས། སྐམ་ས་ཆེན་པོར་ཉིན་རེ་བཞིན་འགྱུར་ལྡོག་ཆེན་པོ་བྱུང་བ་མཐོང་བྱུང་ལ། སྐམ་ས་ཆེན་པོས་ཐོག་མཐའ་བར་གསུམ་དུ་ཐའེ་དབན་མཚོ་འགག་ལ་ཞི་བདེ་དོན་གཉེར་དང་། སྤུན་ཟླར་བདེ་རྩ་སྐྲུན་པ། མི་རིགས་བསྐྱར་དར་ཡོང་བ་བཅས་ཀྱི་ལས་ལ་གཞོལ་བ་ཡང་ཚོར་བྱུང་། ངས་མུ་མཐུད་སྐམ་ས་ཆེན་པོར་མ་འཇོག་ལས་དར་བྱས་ནས་ངོགས་གཉིས་དབར་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་བྱེད་པར་སྟོབས་ཤུགས་ལེགས་སྐྱེས་འབུལ་གྱི་ཡིན”ཞེས་བརྗོད་པ་རེད།
“ན་ནིང་ལོ་མཇུག་བར། ཧྥུའུ་ཅན་གྱིས་ཅིན་མོན་ཆུ་མཁོ་འདོན་ལས་གྲྭར་རིམ་རྩིས་བརྒྱབ་ན་ཆུ་ཏུན་ཁྲི་4600མཁོ་འདོན་བྱས་པ་དེས་ཅིན་མོན་གྱི་ཉིན་རེའི་ཆ་སྙོམས་ཆུ་སྤྱོད་ཚད་ཀྱི་81.9%བཟུང་ཡོད” ཧྥུའུ་ཅན་ཆུ་བེད་མ་འཇོག་ཚོགས་པ་ཅིང་ཅིན་ཆུ་མཁོ་འདོན་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཧུང་ཅཱ་ཤིང་གིས། སྐམ་ས་ཆེན་པོས་ཐོག་མཐའ་བར་གསུམ་དུ་ངོགས་གཉིས་ཁྱིམ་ཚང་གཅིག་ཡིན་པའི་འདུ་ཤེས་མཐའ་འཁྱོངས་ཀྱིས་སྤུན་ཟླ་ཐའེ་དབན་བར་བྱ་བ་དངོས་སྒྲུབ་པ་དང་། བྱ་བ་བཟང་པོ་སྒྲུབ་པ། དཀའ་གནད་སེལ་བ་བཅས་ཧུར་ཐག་བྱེད་ཀྱི་ཡོད། “ང་ཚོས་མུ་མཐུད་ཆུའི་སྤུས་ཚད་ཀྱི་འགག་སྒོ་ནན་པོ་བསྲུངས་ནས། ཆུ་མཁོ་འདོན་གྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་སྟེ་ཅིན་མོན་གྱི་ཡུལ་མི་ཚོས་ཆུ་ཡག་པོ་སྤྱོད་རྒྱུར་བློ་གཅིག་སེམས་གཅིག་གིས་སྲུང་སྐྱོང་བྱ་རྒྱུ་ཡིན་ལ། ཆུ་སྦྲེལ་ཟམ་དུ་བྱས་ནས་ངོགས་གཉིས་ཀྱི་སྤུན་ཟླའི་གཉེན་ཉེའི་བརྩེ་བ་དང་བདེ་རྩ་རྒྱུན་མཐུད་ཟབ་ཏུ་གཏོང་རྒྱུ་ཡིན”ཞེས་བརྗོད་པ་རེད།
“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས‘ཐའེ་དབན་གྱི་གཞོན་ནུ་སྐམ་ས་ཆེན་པོར་སྤེལ་རེས་དང་འཕེལ་རྒྱས་ལ་ཡོང་བར་དགའ་བསུ་ཞུ་རྒྱུ་ཡིན’ཞེས་དམིགས་སུ་བཀར་ནས་གསུངས་པ་དེས་ང་ལ་དྲོ་སྐྱིད་ཆེན་པོ་སྦྱིན་བྱུང” ཅི་ནན་སློབ་ཆེན་གྱི་སློབ་ཆེན་ལོ་རིམ་གཉིས་པའི་སློབ་མ་ཝུའུ་པིང་ཧུང་གིས“སྐམ་ས་ཆེན་པོར་སློབ་སྦྱོང་བྱེད་པར་ཡོང་བའི་ཐའེ་དབན་གྱི་གཞོན་ནུ་ཞིག་ཡིན་པའི་ངས་ལོ་ཤས་རིང་སྐམ་ས་ཆེན་པོས་སྤུན་ཟླ་ཐའེ་དབན་བར་བཅངས་པའི་ཐུགས་ཁུར་དང་གཅེས་སྐྱོང་ཟབ་མོ་ལྷག་པར་ཚོར་བྱུང་། འཕྲུལ་མི་དང་མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་གྲུབ་འབྲས་རེ་རེ་ལས་ང་རང་ཀྲུང་གོ་བ་ཞིག་ཡིན་པར་སྤོབས་པ་ཆེན་པོ་སྐྱེས་བྱུང་། གནམ་ས་རྒྱ་ཆེ་བས་མདུན་ལམ་ཆེན་པོ་ལྡན་ཡོད། སྐམ་ས་ཆེན་པོའི་གཞོན་ནུ་དང་ལག་གདང་སྦྲེལ་ནས་ལང་ཚོའི་ལེའུ་མཉམ་དུ་རྩོམ་རྒྱུའི་རེ་བ་ཡོད”ཅེས་བརྗོད་པ་རེད།
མཐུན་སྒྲིལ་འབད་འཐབ་བྱས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བ་མཐའ་འཁྱོངས་བྱེད་པ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་དོན། འདི་ལོ་ནི་སྐམ་ས་ཆེན་པོའི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཡིན་པས། ང་ཚོས་རྒྱ་ཆེའི་སྤུན་ཟླ་ཐའེ་དབན་བ་དང་མཉམ་དུ་འཕེལ་རྒྱས་ཀྱི་གོ་སྐབས་དང་གྲུབ་འབྲས་མཉམ་སྤྱོད་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་དཔལ་འབྱོར་ཐུན་མོང་ཐོག་རྒྱ་སྟོབས་ཆེ་རུ་གཏོང་འདོད་ཡོད།
“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཀྱི་མཐོ་ཚད་ནས་ངོགས་གཉིས་ཀྱི་འབྲེལ་བ་གཏན་འཁེལ་དང་འཕེལ་རྒྱས་བཏང་གནང་སྟེ‘མཐུན་སྒྲིལ་འབད་འཐབ་བྱས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བ་མཐའ་འཁྱོངས་བྱེད་དགོས”ཞེས་ནན་བཤད་གནང་བ་ལས་སྐམ་ས་ཆེན་པོས་སྤུན་ཟླ་ཐའེ་དབན་བར་མཐུན་སྒྲིལ་དང་སེམས་མཐུན་ཡོང་བར་སྐུལ་འདེད་གཏོང་བའི་ཟོལ་མེད་ལྷག་བསམ་མཚོན་ཡོད” ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཐའེ་དབན་ལོ་རྒྱུས་ཞིབ་འཇུག་ལྟེ་གནས་ཀྱི་དྲུང་ཆེ་ལི་ཤིས་ཀྲུའུ་ཡིས། ངོགས་གཉིས་ནི་ཁ་འབྲལ་ཐབས་མེད་པའི་ལས་དབང་གཅིག་མཐུན་ཚོགས་པ་རེད། འདི་ལོ་ནི་སྐུ་ཞབས་སུན་ཀྲུང་ཧྲན་སྐུ་འཁྲུངས་ནས་ལོ་ངོ་160འཁོར་བའི་ལོ་ཞིག་ཡིན་པ་དང་ལོ་རྒྱུས་ལས་དོན་དངོས་གསལ་དོན། ཐའེ་དབན་གྱི་མདུན་ལམ་ནི་རྒྱལ་ཁབ་གཅིག་གྱུར་ལ་ཐུག་པ་དང་སྤུན་ཟླ་ཐའེ་དབན་བའི་བདེ་རྩ་ནི་མི་རིགས་བསྐྱར་དར་ལ་རག་ལས་ཡོད།
ཐའེ་དབན་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་འགོ་གཙོ་ཧོ་དབྱི་ཁྲེང་གིས“ད་ཐེངས་ཀྱི་མཇལ་འཛོམས་ཀྱིས་ངོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་ཕན་ཚུན་ཡིད་ཆེས་བརྟན་དུ་སོང་བ་དང་མཉམ་འགུལ་རྒྱུན་འཁྱོངས་བྱེད་པའི་རྩ་བའི་དགོངས་གཞི་སྔར་བས་ཁ་གསལ་དུ་ཕྱིན་ཡོད”ཅེས་བཤད་པ་དང་། ཁོང་གིས། འདི་ལོ་ནི་སྐམ་ས་ཆེན་པོའི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཞིག་ཡིན་པས་འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་མང་བ་ཡོད། ངོགས་གཉིས་ཀྱི་གཞོན་ནུ་ཚོས་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པ་དང་། ཕན་ཚུན་དགོས་མཁོ་བརྗེ་སྤྲོད། ལེགས་ཆ་གསབ་རེས། གཉིས་ཁེ་མཉམ་གཏོད་བཅས་བྱས་ཏེ་ཐའེ་དབན་གྱི་གཞོན་ནུ་དེ་བས་མང་བས་གོ་སྐབས་དམ་འཛིན་དང་ཕུགས་འདུན་མངོན་འགྱུར་བྱེད་པའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།