རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཀྲུང་གོ(ནང་སོག)རང་མོས་ཚོང་དོན་ ཚོད་ལྟའི་ཁུལ་གྱི་སྤྱིའི་ཇུས་གཞི》བཀྲམ་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཀྲུང་གོ(ནང་སོག)རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གྱི་སྤྱིའི་ཇུས་གཞི》(གཤམ་དུ《སྤྱིའི་ཇུས་གཞི》ཞེས་བསྡུ་རྒྱུ)བཀྲམ་པ་རེད།
《སྤྱིའི་ཇུས་གཞི》ཡི་ནང་དུ་བསྟན་དོན། ནང་སོག་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་འཛུགས་པ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན་ལ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་འཐབ་ཇུས་ཀྱི་བྱ་ཐབས་གལ་ཆེན་ཞིག་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་བྱས་ཏེ་ཏང་ཀྲུང་དབྱང་གིས་ནང་སོག་ལ་གནང་བའི་འཐབ་ཇུས་ངེས་གནས་དོན་འཁྱོལ་ཡག་པོ་བྱེད་པ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་པ། རྒྱལ་ཁབ་ཀྱི་འཐབ་ཇུས་འགངས་ཆེན་ལ་རང་འགུལ་ངང་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་བྱེད་པ། རང་མོས་ཚོང་དོན་ཚོད་ལྟའི་ཁུལ་རིམ་སྤོར་གྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བཅས་བྱས་ཏེ་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་དེ་དུས་རབས་གསར་པའི་སྒྱུར་བཅོས་སྒོ་དབྱེའི་མཐོ་ས་གསར་པར་བསྐྲུན་ནས་ནང་སོག་གི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མཐའ་མཚམས་མི་རིགས་ས་ཁུལ་གྱི་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ། ཕྱོགས་ཡོངས་ནས“དཔེ་བཟང་རང་སྐྱོང་ལྗོངས”འཛུགས་སྐྲུན་ལ་རམ་འདེགས་བཅས་བྱེད་དགོས།
《སྤྱིའི་ཇུས་གཞི》ཡི་ནང་དུ་ནང་སོག་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་ལ་སྒྱུར་བཅོས་ཀྱི་རང་བདག་དབང་ཆ་དེ་བས་ཆེ་བ་སྤྲོད་པ་དང་། སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པར་སྐུལ་མ་གཏོང་བ། ཁྱབ་ཁོངས་དེ་བས་རྒྱ་ཆེ་བ་དང་རིམ་པ་དེ་བས་གཏིང་ཟབ་པའི་སྒོ་ནས་གསར་གཏོད་རང་བཞིན་དང་། འདུས་གྲུབ་རྣམ་པ། ཧེ་བག་ཅན་བཅས་ཀྱི་འཚོལ་ཞིབ་བྱེད་དགོས་པ་བཏོན་ཡོད། མཐའ་མིའི་ཚོང་འབྲེལ་གསར་གཏོད་དང་འཕེལ་རྒྱས་གཏོང་བ་དང་། རྒྱལ་སྤྱིའི་ཟོག་འགྲེམས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བེད་སྤྱོད་ཀྱི་ཕན་ནུས་ཆེ་རུ་གཏོང་བ། ཁྱབ་ཁོངས་མང་པོའི་ཕྱི་ཕྱོགས་སྤེལ་རེས་རྒྱ་ཆེར་གཏོང་བ་སོགས་ཕྱོགས་19ཡི་སྒྱུར་བཅོས་དང་གསར་གཏོད་བྱ་ཐབས་ཁ་གསལ་བཟོས་ཤིང་། ཕྱི་ནང་སྦྲེལ་མཐུད་དང་མཐའ་འཁོར་ཁྱབ་འགྱེད་ཀྱི་ཆ་འཕྲིན་སྤེལ་རེས་ལྟེ་གནས་དང་། འགྲིམ་འགྲུལ་ཟོག་འགྲེམས་ལྟེ་གནས། རྒྱུ་རྐྱེན་གཙོ་བོའི་ཐོན་ཁུངས་བཀོད་སྒྲིག་ལྟེ་གནས། གཙོ་གནད་ཁྱབ་ཁོངས་ཀྱི་ཚན་རྩལ་གསར་གཏོད་ལྟེ་གནས། ཐོན་ལས་མཉམ་ལས་ལྟེ་གནས་བཅས་ཧུར་ཐག་བསྐྲུན་ནས་རྒྱལ་ཁབ་ཀྱིས་བྱང་ཕྱོགས་སུ་སྒོ་འབྱེད་པའི་ཟམ་སྣེའི་མཁར་རྫོང་གལ་ཆེན་གྱི་ནུས་པ་གང་ལེགས་བཏོན་ཏེ་མ་འཇོག་ཚོང་དོན་སྟབས་བདེ་དང་། གསར་གཏོད་ཀྱི་ཁོར་ཡུག་བཟང་བ། ལེགས་ཆའི་ཐོན་ལས་གཅིག་སྡུད། རྒྱལ་སྤྱིའི་འགྲོ་འོང་བྱེད་མང་བ་བཅས་ཀྱི་ཆུ་ཚད་མཐོ་བའི་རང་མོས་ཚོང་དོན་གླིང་ཁུལ་ཧུར་ཐག་བསྐྲུན་དགོས།
《སྤྱིའི་ཇུས་གཞི》ཡི་ནང་དུ་ནན་བཤད་བྱས་དོན། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ཏེ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་བྱེད་པ་དེ་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་སྐྲུན་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོར་འཛུགས་པ་དང་། ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་བ་བཅས་བྱེད་དགོས། ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་བརྟན་པོ་སྐྲུན་དགོས། ནང་སོག་རང་སྐྱོང་ལྗོངས་ཀྱིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཁུ་བསྡུས་ཤིང་ལས་ཕྱོད་ཆེ་བ་དང་དབང་ཆ་དང་འགན་འཁྲི་ཁ་གསལ་བའི་དོ་དམ་སྒྲིག་སྲོལ་འཛུགས་པ་དང་། དྲང་གཞག་ཁ་གསལ་དང་མ་ལག་འཐུས་ཚང་གི་ཁྲིམས་སྐྱོང་ཁོར་ཡུག་འཛུགས་པ། བྱང་ཚད་མཐོ་བ་དང་ཆེད་ལས་ཅན་གྱི་དོ་དམ་དཔུང་ཁག་གཏོད་པ་བཅས་བྱེད་དགོས། ནང་སོག་རང་སྐྱོང་ལྗོངས་དང་འབྲེལ་ཡོད་སྡེ་ཚན་གྱིས་ལས་ཀའི་མཉམ་ཤུགས་ཆགས་པར་བྱས་ནས་སྒྱུར་བཅོས་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས། རང་མོས་ཚོང་དོན་ཚོད་ལྟའི་ཁུལ་ལས་དོན་གྱི་པུའུ་དབར་གྱི་མཉམ་འབྲེལ་ཚོགས་འདུའི་ལམ་སྲོལ་གྱིས་སྤྱི་འདོམས་མཐུན་སྦྱོར་གྱི་ནུས་པ་ཡག་པོ་བཏོན་ཏེ་སྒྱུར་བཅོས་ཚོད་ལྟའི་ལས་འགན་ཁག་དོན་འཁྱོལ་ཐུབ་པར་སྐུལ་འདེད་གཏོང་དགོས།
འབྲེལ་ཡོད་གསར་འགྱུར།