“ཕྱི་རྒྱལ་གྱི་ཁེ་ལས་ཀྲུང་གོར་རྩ་བ་ཚུགས་པར་བློས་འཁེལ་བའི་རྨང་གཞི་བརྟན་པོ་བཏིང་ཡོད”
—— ཀྲུང་གོར་ཡོད་པའི་རྒྱལ་སྒྲོལ་ཁེ་ལས་ཀྱིས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ལ་ལྟ་སྟངས་ཡག་པོ་འཛིན་པ།
“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ནང་ཀྲུང་གོའི་འབྱུང་འགྱུར་ལོ་ལྔའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྗིད་ཆེའི་འཆར་གཞི་བཀོད་ཡོད་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་མཁན་ཀྲུང་གོར་ཡོད་པའི་རྒྱལ་སྒྲོལ་ཁེ་ལས་ཀྱི་མཐོ་རིམ་དོ་དམ་པས། ཀྲུང་གོའི་དཔལ་འབྱོར་གྱི་རྨང་གཞི་བརྟན་པོ་དང་། ལེགས་ཆ་མང་བ། ཕྱོགས་བསྡུས་ཀྱི་ནུས་པ་ཆེ་བ། མི་མངོན་པའི་སྟོབས་ཤུགས་ཆེ་བ་བཅས་ཡོད་པས་གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་མཐོང་དཀོན་པའི་བརྟན་པོའི་རང་བཞིན་དང་། ཡུན་རིང་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་གཏན་འཁེལ་རང་བཞིན། རང་འགུལ་ངང་གོ་སྐབས་མཉམ་སྤྱོད་བྱེད་པའི་སྒོ་དབྱེའི་རང་བཞིན་བཅས་མཁོ་འདོན་བྱས་ཡོད་པས། ཀྲུང་གོ་དང་མཉམ་སྐྱོད་བྱས་ཚེ་གོ་སྐབས་དང་མཉམ་འགྲོགས་བྱས་པ་ཞིག་རང་རེད། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་ཀྲུང་གོའི་དཔལ་འབྱོར་གསར་ལ་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་བ་དེས་རྒྱལ་སྒྲོལ་ཁེ་ལས་ཀྲུང་གོའི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནང་སྔར་བས་མཉམ་འདྲེས་བྱེད་པ་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་ཁྲོད་གཉིས་ཁེ་གཉིས་ཕན་ཡོང་བར་གོ་སྐབས་སྔར་བས་མང་བ་མཁོ་འདོན་ཐུབ་རྒྱུ་རེད་ཅེས་བརྗོད།
“‘ལོ་ལྔ་ཚན་བཅོ་ལྔ་པའི’འཆར་འགོད་རྩ་གནད་ནང་སྲིད་ཇུས་ཀྱི་མཛུབ་ཁྲིད་གསལ་པོ་བཏོན་པ”
“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ནང་རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་དང་སྦྲེལ་མཐུད་བྱས་ནས་སྒོ་དབྱེ་རྒྱ་ཆེར་གཏོང་བ་དང་རྒྱལ་ནང་དང་རྒྱལ་སྤྱིའི་སྒྲིག་སྲོལ་དང་། སྒྲིག་སྲོལ་ལམ་ལུགས། དོ་དམ། ཚད་གཞི་བཅས་ཕན་ཚུན་མཐུན་སྦྱོར་ཡོང་བར་སྐུལ་འདེད་བཏང་སྟེ་ཕྱི་གསལ་ནང་གསལ་དང་། བརྟན་པོ། སྔོན་དཔག་ཐུབ་པ་བཅས་ཀྱི་ལམ་ལུགས་ཀྱི་ཁོར་ཡུག་སྐྲུན་དགོས་པ་གསལ་པོ་བཏོན་ཡོད། ཀྲུང་གོར་ཡོད་པའི་རྒྱལ་སྒྲོལ་ཁེ་ལས་ཀྱི་མཐོ་རིམ་དོ་དམ་པས། མིག་སྔར་རྒྱལ་སྤྱིའི་དུས་བབ་འགྱུར་ལྡོག་ཆེ་བ་དང་ཟང་ཟིང་གི་རྒྱབ་ལྗོངས་ཆེན་པོའི་འོག་ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོའི“གཏན་འཁེལ་རང་བཞིན་གྱི་སྔོ་ལྗང་ཁུལ”དུ་གྱུར་ནས་ཕྱི་རྒྱལ་ཁེ་ལས་ལ་ཀྲུང་གོའི་སྒོ་དབྱེ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་མཉམ་སྤྱོད་བྱེད་པར་ཞིང་ས་གཤིན་པོ་མཁོ་འདོན་བྱས་ཡོད་ཅེས་བརྗོད་པ་རེད།
“‘ལོ་ལྔ་ཚན་བཅོ་ལྔ་པའི’འཆར་འགོད་རྩ་གནད་ནང་སྲིད་ཇུས་ཀྱི་མཛུབ་ཁྲིད་ཁ་གསལ་བཏོན་ཡོད”ཧན་ཀའོ་ཀྲུང་ཧྭའི་ཁུལ་ཆེན་གྱི་ཙུང་ཚའེ་ཨན་ནཱ་ཡིས། ཀྲུང་གོས་ཕྱི་རྒྱལ་ཚོང་པའི་མ་འཇོག་ཞབས་ཞུའི་འགན་ལེན་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ཕྱི་རྒྱལ་གྱི་མ་དངུལ་ནང་འདྲེན་བྱེད་པའི་ལེགས་ཆ་གསར་པ་བཏོད་དེ་ཕྱི་རྒྱལ་ཁེ་ལས་ལ་དེ་བས་ཕྱི་གསལ་ནང་གསལ་དང་། དྲང་གཞག སྔོན་དཔག་ཐུབ་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་གཏོད་རྒྱུ་ཡིན་ཞེས་གསལ་པོ་བཏོན་ཡོད། “ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་དེ་བས་མང་བས་ཀྲུང་གོར་ཞིབ་འཇུག་གསར་སྤེལ་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་དོན་ནི་ཀྲུང་གོས་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བའི་ཐད་འབད་བརྩོན་བྱས་པ་མཐོང་བས་རེད”ཅེས་བཤད་པ་དང་། ཨན་ནཱ་ཡིས། ཀྲུང་གོར་གསོན་ཤུགས་ཀྱིས་ཁེངས་པའི་སྒོ་དབྱེ་གསར་གཏོད་ཀྱི་སྐྱེ་ཁམས་ཆགས་བཞིན་ཡོད་པས། ཧན་ཀའོ་དེའི་ནང་ཞུགས་ནས་ཐོན་ལས་འཁོར་འབྲེལ་གྱི་རོགས་ཟླ་དང་ལག་གདང་སྦྲེལ་ཏེ་ཐུན་མོང་ཐོག་འཕེལ་རྒྱས་མངོན་འགྱུར་ཡོང་བའི་ངོས་འཛིན་བྱེད་ཀྱི་ཡོད།
“ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོའི་གསོན་ཤུགས་ཆེ་ཤོས་ཀྱི་གསར་གཏོད་མཐོ་སར་རིམ་བཞིན་འགྱུར་བཞིན་ཡོད”
“ཚན་རྩལ”དང“གསར་གཏོད”ནི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ནང་ཐོན་མང་བའི་ཐ་སྙད་ཅིག་ཡིན་ཞིང་། དེ་ལས་ཀྲུང་གོས་སྲིད་ཇུས་གསར་གཏོད་དང་ལམ་ལུགས་འགན་སྲུང་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཆོད་སེམས་མངོན་གྱི་ཡོད་ལ། ཀྲུང་གོར་ཡོད་པའི་རྒྱལ་སྒྲོལ་ཁེ་ལས་འཕེལ་རྒྱས་ལ་གོ་སྐབས་མང་པོ་བསྐྲུན་རྒྱུའང་ཡིན་པ་རེད།
“ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོའི་གསོན་ཤུགས་ཆེ་ཤོས་ཀྱི་གསར་གཏོད་མཐོ་ས་ཞིག་ཏུ་རིམ་བཞིན་འགྱུར་བཞིན་ཡོད”ཅེས་ཏ་ཀྲུང་རླངས་འཁོར་ཚོགས་པའི་(ཀྲུང་གོ)ལག་བསྟར་ཙུང་ཚའེ་གཞོན་པ་ལིའུ་ཡུན་ཧྥུང་གིས་བརྗོད། ཁོང་གིས། 2023ལོ་ནས་བཟུང་ཏ་ཀྲུང་རླངས་འཁོར་གྱིས་རིམ་རྩིས་བརྒྱབ་ན། ཀྲུང་གོར་ཡོ་རོབ་དངུལ་ལོར་སྒོར་དུང་ཕྱུར་35ཙམ་མ་འཇོག་བྱས་ནས་ནུས་རྒྱུ་གསར་པ་དང་རིག་ནུས་དྲ་སྦྲེལ་རླངས་འཁོར་ཞིབ་འཇུག་གསར་སྤེལ་དང་བཟོ་སྐྲུན་མ་ལག་འཛུགས་སྐྱོང་ལ་གཙོ་གནད་ཐོག་ཤུགས་སྣོན་བརྒྱབ་ཡོད། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་ཀྲུང་གོས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་རྒྱུན་ཆད་མེད་པར་ཐོན་པར་སྐུལ་འདེད་གཏོང་བ་དང་། ཏ་ཀྲུང་རླངས་འཁོར་ཀུང་སིས་སྔར་བས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་གསར་གཏོད་ཞིབ་འཇུག་གསར་སྤེལ་དེ་ཀྲུང་གོར་འཇོག་པ་དང་འགག་རྩའི་ནུས་པ་ཀྲུང་གོར་འཛུགས་རྒྱུ་མ་ཟད། ཀྲུང་གོའི་གསར་གཏོད་སྐྱེ་ཁམས་དང་མཉམ་འདྲེས་གཏིང་ཟབ་བྱས་པ་བརྒྱུད་རང་ངོས་ཀྱི་ལག་རྩལ་འགྲན་རྩོད་རྒྱུན་མཐུད་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།
“ཀྲུང་གོའི་ཁྲོམ་རའི་དགོས་མཁོ་དང་དེ་བས་འཚམ་པའི་གསར་གཏོད་ཐོན་རྫས་དང་ཐག་གཅོད་ཇུས་གཞི་འདོན་རྒྱུ”
“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ནང་། ནང་མཁོ་རྒྱ་སྐྱེད་གཏོང་རྒྱུའི་འཐབ་ཇུས་ཀྱི་གཞི་གནས་འདི་མཐའ་འཁྱོངས་དང་། དམངས་འཚོར་ཕན་པ་དང་འཛད་སྤྱོད་ལ་སྐུལ་སྤེལ་གཏོང་བ། མ་དངུལ་དངོས་པོར་གཏོང་བ་དང་མ་དངུལ་མི་ལ་གཏོང་བ་ཟུང་འབྲེལ་དམ་པོ་བྱེད་པ་མཐའ་འཁྱོངས་བྱས་ཏེ། དགོས་མཁོ་གསར་པས་མཁོ་སྤྲོད་གསར་པར་སྣེ་ཁྲིད་བྱེད་པ་དང་། མཁོ་སྤྲོད་གསར་པས་དགོས་མཁོ་གསར་པ་གཏོད་དགོས། འཛད་སྤྱོད་དང་མ་འཇོག་དང་། མཁོ་སྤྲོད་དང་དགོས་མཁོ་བཅས་མཉམ་སྐུལ་བཟང་པོ་ཡོང་བར་སྐུལ་སྤེལ་གཏོང་བ། མཁོ་སྤྲོད་ཀྱི་ཆུ་ཚད་སྔར་བས་མཐོ་བའི་འགུལ་རྣམ་དོ་སྙོམས་མངོན་འགྱུར་བཅས་བྱས་ཏེ། རྒྱལ་ནང་གི་རེས་འཁོར་ཆེན་པོའི་ནང་སྐྱེས་སྒུལ་ཤུགས་དང་བློས་འགེལ་ཆོག་པའི་རང་བཞིན་ཆེ་རུ་གཏོང་དགོས་ཞེས་བཏོན་པས། ཁྲོམ་རའི་གཞི་ཁྱོན་ཧ་ཅང་ཆེན་པོ་ལྡན་པའི་ཀྲུང་གོ་འདི་ཉིད་རྒྱལ་སྒྲོལ་ཁེ་ལས་ཀྱིས་མ་འཇོག་དང་བྱ་གཞག་དར་རྒྱས་གཏོང་སའི་ས་ཆ་ཞིག་ཏུ་འགྱུར་བཞིན་ཡོད།
ཉིན་ཤས་གོང་། ཕུའུ་རུའེ་ཡཱ་ཚོགས་པས་ཅང་སུའུ་ཡན་ཁྲེང་དུ་བཙུགས་པའི་བཟོ་གྲྭར་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཐོག“ཐོན་སྐྱེད་ནུས་ཤུགས་ཁྱབ་ཁོངས་ཀྱི་ཕུལ་བྱུང་སྒྲོན་སྟེགས་བཟོ་གྲྭའི”མཚན་སྙན་ཐོབ་ཡོད། མཱ་ཁྲོན་གྱིས། སླད་ཕྱིན་ཀུང་སིས་ལྟེ་བའི་འགྲན་ལམ་ལ་དམ་པོར་དམིགས་ཏེ་ཞིབ་འཇུག་གསར་སྤེལ་དང་། ཐོན་སྐྱེད། མཁོ་སྤྲོད་འཁོར་འབྲེལ། ཞབས་ཞུ་བཅས་གཞི་གཅིག་ཅན་གྱི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ནས“ལྗང་མདོག་ཐཱན་ཉུང་གི་འདུ་ཤེས་ལག་ལེན་བསྟར་རྒྱུ་མཐའ་འཁྱོངས་ཀྱིས་ས་གནས་དེ་གའི་རླངས་འཁོར་ཁེ་ལས་དང་མཉམ་འགུལ་ཧུར་ཐག་བྱས་ཏེ། ཀྲུང་གོའི་ཁྲོམ་རའི་དགོས་མཁོ་དང་དེ་བས་འཚམ་པའི་གསར་གཏོད་ཐོན་རྫས་དང་ཐག་གཅོད་ཇུས་གཞི་འདོན་རྒྱུ་ཡིན”ཞེས་བརྗོད་པ་རེད།
ཧྥིན་ལན་གྱི་གློག་སྐས་ཁེ་ལས་ཐུང་ལི་ཡི་ཀྲུང་ཧྭའི་ཁུལ་ཆེན་གྱི་ཙུང་ཚའེ་པའོ་ཅ་ཕུང་གིས། 2025ལོར་ཐུང་ལི་ཡིས་ཀྲུང་གོའི་གྲོང་ཁྱེར་གསར་སྒྱུར་གྱི་ལས་དོན་ནང་ཧུར་ཐག་ཞུགས་ཡོད། ད་ལོའི་ཟླ་དང་པོར་ཐུང་ལི་ཡིས་ཀྲུང་གོའི་གྲོང་ཁྱེར་80ལྷག་ཙམ་གྱི་གསར་སྒྱུར་སྒྱུར་བཀོད་རྣམ་གྲངས་ལ་སྒྲིག་ཆས་འདྲེན་གཏོང་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། ཁོང་གིས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་ཐུང་ལི་ཡིས་ཀྲུང་གོའི་མཉམ་ལས་རོགས་ཟླ་དང་མཉམ་ལས་གཏིང་ཟབ་བྱས་ཏེ་དེ་བས་ལྗང་མདོག་དང་། དེ་བས་རིག་ལྡན། དེ་བས་ནུས་པ་ལྡན་པ་བཅས་ཀྱི་གྲོང་ཁྱེར་གྱི་འབྱུང་འགྱུར་གཏོད་རྒྱུར་རམ་འདེགས་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།
འབྲེལ་ཡོད་གསར་འགྱུར།