དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཨན་ཀོ་ལའི་ཁཱ་པིང་ཏ་ཆུ་མཁོ་འདོན་རྣམ་གྲངས་ཀྱིས་ས་གནས་དེ་གའི “ཆུ་དཀོན་པའི”གནད་དོན་ཐག་གཅོད་བྱས་པ།

    “ཆུ་དེ་བཏུང་ན་ཞིམ་པོ་འདུག”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཧོང་ཕེ་ཀྲའོ།   |     སྤེལ་དུས།  2026-04-12

    ཨན་ཀོ་ལའི་བྱང་རྒྱུད་ཁཱ་པིང་ཏ་ཞིང་ཆེན་དུ་སྔོན་ཆད་རྒྱུན་མཐོང་གི“ཆུ་དཀོན་པའི”རྣམ་པ་ད་ཆ་མཐོང་རྒྱུ་མེད་པར་གྱུར་ཡོད། ཀྲུང་གོ་ལྕགས་ལམ་ཅུས་ཉི་ཤུ་པའི་ཚོགས་པས་སྐྲུན་འགན་འཁུར་བའི་ཆུ་མཁོ་འདོན་རྣམ་གྲངས་དེ་ན་ནིང་ཕྱོགས་ཡོངས་ནས་བསྐྲུན་ཟིན་ཏེ་བེད་སྤྱོད་གཏོང་འགོ་ཚུགས་པ་དང་ཆབས་ཅིག་ས་གནས་དེ་གའི་ཡུལ་མི་ཁྲི་60ལྷག་ཙམ་གྱི་ཆུ་སྤྱོད་པར་སྟབས་བདེ་བསྐྲུན་ཡོད།

    ཁཱ་པིང་ཏ་ཆུ་མཁོ་འདོན་རྣམ་གྲངས་ནི་ཨན་ཀོ་ལའི་མངའ་ཁོངས་ཀྱི་ཆུ་མཁོ་འདོན་གྱི་ལས་གྲྭ་ཆེ་ཤོས་དེ་རེད། རྣམ་གྲངས་དེས་འཆར་འགོད་བྱས་པའི་ཉིན་རེར་ཆུ་མཁོ་འདོན་བྱེད་ནུས་སྨི་རྒྱ་དཔངས་གྲུ་བཞི་ཁྲི་5ཟིན་པ་དང་། ཆུ་མདོང་གི་སྤྱིའི་རིང་ཚད་ལ་སྤྱི་ལེ་80ཙམ་ཟིན་པ། གཅིག་སྡུད་ཆུ་ལེན་ས་74བསྐྲུན་པ། ཁཱ་པིང་ཏ་ཞིང་ཆེན་གྱི་མི་འབོར་92%ཙམ་ལ་ཁྱབ་ཡོད། རྣམ་གྲངས་དེ་ཀྲུང་གོའི་ཚད་གཞི་ལྟར་བསྐྲུན་པ་དེ་ནི་མིག་སྔར་ས་གནས་དེ་གའི་དེང་རབས་ཅན་གྱི་ཆུ་མཁོ་འདོན་མ་ལག་གི་གྲས་ཤིག་རེད།

    གསར་འགོད་པ་ཁཱ་པིང་ཏའི་ཤིས་ཧྥེན་པུའུ་གྲོང་ཚོར་སླེབས་སྐབས་ཡུལ་མི་མཱ་ལི་ཡས་མི་རིང་བའི་སར་ཡོད་པའི་གཅིག་སྡུད་ཆུ་ལེན་སར་ཆུ་ལེན་པར་འགྲོ་བཞིན་འདུག “སྔོན་ཆད་ཆུ་ལེན་པ་ནི་དཀའ་ལས་ཆེ་བའི་བྱ་བ་ཞིག་རེད། ང་ཚོས་སྤྱི་ལེ་གཉིས་ཙམ་ཕར་རྒྱུག་ཚུར་རྒྱུག་བྱེད་དགོས་ལ་ནམ་མ་ལངས་གོང་ནས་ཐོན་དགོས་པ་དང་། སྐབས་རེ་ཉིན་གཅིག་ལ་ཆུ་ལེན་པར་ཐེངས་ཁ་ཤས་སྐྱོད་དགོས། ཆར་དུས་འཁེལ་སྐབས་ཆུ་རྒྱས་ནས་བཙོག་ལ་ཉོག་པོར་གྱུར་ནའང་དེ་འཐུང་རྒྱུ་ལས་ཐབས་གཞན་མེད། གྲོང་ཚོའི་ནང་ཆུ་དེ་བཏུངས་ནས་ན་མཁན་མང་བ་དང་། ལྷག་པར་དུ། ཕྲུ་གུ་མང་པོ་ན་ཡི་འདུག”ཅེས་མཱ་ལི་ཡས་བཤད་པ་དང་། ཁོང་གིས“ད་ཆ་ཆུ་ལེན་ས་ཁྱིམ་གྱི་སྒོ་རྩར་ཡོད་པས་ཐག་རིང་དུ་སྐྱོད་དགོས་མེད་ལ། ཆུ་སྤུས་ལའང་སེམས་ཁྲལ་བྱེད་དགོས་མེད། ཆུ་དེ་གཙང་ལ་ཞིམ་པོ་འདུག”ཅེས་བཤད།

    ཀྲུང་གོ་ལྕགས་ལམ་ཅུས་ཉི་ཤུ་པའི་ཚོགས་པ་ཨན་ཀོ་ལའི་རྒྱལ་སྤྱིའི་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཀྲང་གོ་ཤུས་ཀྱིས“རྣམ་གྲངས་བདེ་བླག་ངང་ལག་བསྟར་ཐུབ་པའི་འགན་ལེན་བྱ་ཆེད། ང་ཚོས་འཆར་འགོད་ཀྱི་ཇུས་གཞིར་ལེགས་སྒྲིག་ཐེངས་10ལྷག་ཙམ་བྱས་པ་ཡིན། ས་གནས་དེ་གའི་རྩིག་རྨང་ནི་བྱེ་འདམ་ལས་གྲུབ་པ་ཞིག་ཡིན་སྟབས་ང་ཚོས་གཏིང་ཚད་ལ་སྨི་30ཙམ་ཟིན་པའི་ཨར་འདམ་ལྕགས་རྩིབས་མ་རྐང་64ཡི་ལུགས་བརྒྱབ་སྟེ་གྲུབ་ཆ་བརྟན་པོ་ཡོང་བར་འགན་ལེན་བྱས་པ་ཡིན། ཆུ་འཐེན་ས་ཚིགས་སུ་སྒྲིག་སྦྱོར་བྱས་པའི་འགྲེང་གཟུཌ་ཀྱི་ཕུམ་མདར‘སྒྲིག་ཆས་གསུམ་འཁོར་སྐྱོད་དང་གྲབས་སྤྱོད་སྒྲིག་ཆས་གཅིག’གི་འཁོར་སྐྱོད་བྱེད་སྟངས་སྤྱད་ནས་ཐོག་མའི་ཆུ་དེ་ཆུ་གཙང་བསིང་བཟོ་གྲྭར་གཏོང་ཐུབ་པའི་འགན་ལེན་བྱས་ཡོད”ཅེས་བཤད།

    ཁཱ་པིང་ཏ་ཆུ་དོན་ཅུས་ཀྱི་ཏུང་ཧྲི་ཀྲང་ཧྥོ་ལན་ཁོ་ཡིས“གཙང་ལ་བདེ་འཇགས་ལྡན་པའི་ཆུ་སྤུས་ལས་ནད་གཞི་ཐོན་པའི་ཉེན་ཁ་ཆུང་དུ་ནུས་ལྡན་གཏོང་ཐུབ། ཀྲུང་གོའི་ཁེ་ལས་ཀྱིས་ང་ཚོར་དམངས་འཚོའི་ལས་གྲྭ་གལ་ཆེན་ཞིག་བསྐྲུན་ཡོད”ཅེས་ངོ་སྤྲོད་བྱས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།