མྱ་ངམ་ཐང་རྒོད་སྔོ་ལྗང་རྩྭ་ཡིས་བཀླུབས། སྐྱེ་སྟོབས་འབར་བའི་རྣམ་པ་ཡོངས་སུ་འཕྱུར།

འདི་ནི་བྱེ་འགོག་བྱེ་བཅོས་བྱེད་བཞིན་པ།

འདི་ནི་བྱེ་འགོག་གི་རྩྭ་འདིང་བཞིན་པ།

འདི་ནི་རྩྭ་ཆག་དབོར་བཞིན་པ།
ཉིན་ཤས་གོང་། དཔྱིད་འགོའི་ཁ་བས་བརྒྱན་པའི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་དུར་ལམ་རྫོང་དུ“བྱང་གསུམ”ལས་གྲྭའི་དུས་ཐེངས་དྲུག་པའི་རྣམ་གྲངས་ཚ་ཚ་འུར་འུར་ངང་སྤེལ་བཞིན་མཆིས།
མདོ་ལ་རིང་མོའི་ལྷོ་འདབས་དང་ཚྭ་འདམ་གཤོངས་སའི་ཤར་ལྷོའི་མཚམས་སུ་གནས་པའི་ས་བབ་མཐོ་བའི་དུར་ལམ་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་བྱེ་ཐང་གི་རྒྱ་ཁྱོན་ཆེ་ཤོས་དང་བྱེ་རླུང་གི་གནོད་འཚེ་ཐོན་མང་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་ལ། རྫོང་ཡོངས་ཀྱི་བྱེ་འགྱུར་ས་ཆའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་84.64ཟིན་པ་དང་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་18.49%བཟུང་ཡོད། མཚོ་སྔོན་ཞིང་ཆེན་གྱི“བྱང་གསུམ”ལས་གྲྭའི་དུས་ཐེངས་དྲུག་པའི་འགག་སྒྲོལ་དམག་འཐབ་ཀྱི་ལྟེ་བའི་ཁུལ་ཡིན་པའི་དུར་ལམ་རྫོང་གིས་བྱེ་འགྱུར་ས་ཆ་སྤྱི་ཆིང་ཁྲི་4.65བཅོས་སྐྱོང་གི་ལས་འགན་ལྕི་པོ་འཁུར་ཡོད།
བཅོས་སྐྱོང་བྱས་ཚུན། དུར་ལམ་རྫོང་གིས་ལས་གྲྭའི་བྱེ་འཇགས་རྨང་གཞིར་བྱེད་པ་དང་། སྐྱེ་དངོས་བྱེ་བཅོས་ལྟེ་བར་བྱེད་པ། བཅོས་སྐྱོང་བྱེད་ཐབས་གསར་གཏོད། འགག་སྒྲོལ་གྱི་མཉམ་ཤུགས་གཅིག་སྒྲིལ་བཅས་བྱས་ཏེ་ས་བབ་མཐོ་བའི་བྱེ་བཅོས་ཀྱི་དཀའ་གནད་སེལ་ནས་རང་རྒྱལ་བྱང་ཕྱོགས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་བཏང་ཡོད།
1.“ཐ་ཐོར་བཅོས་སྐྱོང”ནས“ཞིབ་ཚགས་བཅོས་སྐྱོང”བར་བྱེ་བཅོས་འདུ་ཤེས་ལ་འགྱུར་ལྡོག་གསར་པ་བྱུང་བ།
དཔྱིད་འགོར་ཤང་སྡེ་གཙང་པོའི་འབབ་རྒྱུད་དུ་བྱེ་རླུང་ལྡང་ནས་མིག་ཀྱང་འདང་དཀའ་བར་གྱུར། སི་ཁྲོན་ལེའང་ཧྲན་ནས་ཡོང་བའི་བཟོ་པ་བཅུ་གྲངས་ཤིག་གིས་ལས་ཡུལ་དུ་ཚ་ཚ་འུར་འུར་ངང་བྱེ་འགོག་བྱེ་འཇགས་ཀྱི་ལས་ལ་གཞོལ།
རྒྱང་ལྟ་བྱེད་སྐབས་རྩྭ་བཟོས་ལིང་ཚེའི་བྱེ་ཡོལ་སྟར་པ་དྲ་བ་ཆེན་པོ་ཞིག་ལྟར་སྣང་ཞིང་། དེ་ནི་དུར་ལམ་རྫོང་གི“བྱང་གསུམ”འགག་སྒྲོལ་དམག་འཐབ་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ་2025ལོར་རྫོང་ཡོངས་ཀྱི་སྐྱེ་ཁམས་བཅོས་སྐྱོང་གི་ལྟེ་བའི་ལས་འགན་ཞིག་ཀྱང་རེད།
དུར་ལམ་རྫོང་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཅིང་གོ་ཁྲེང་གིས་གསར་འགོད་པར་འགྱུར་ལྡོག་དེ་ལྟར་བྱུང་བ་ནི་དེ་སྔ་བསམ་མི་ཕོད་པ་ཞིག་རེད། “‘བྱང་གསུམ’ལས་གྲྭའི་དུས་ཐེངས་དང་པོ་ནས་ལྔ་པའི་བར་དུར་ལམ་རྫོང་གིས་མུའུ་ཁྲི་ཁ་ཤས་ཀྱི་ལས་འགན་ལེགས་སྒྲུབ་བྱས་པ་དེ་ན་ནིང་དང་བསྡུར་ན་ལས་འབོར་ཆེ་བ་ཡོད”ཅེས་ཅིང་གོ་ཁྲེང་གིས་བཤད།
2024ལོ་དང་2025ལོར། དུར་ལམ་རྫོང་གི“བྱང་གསུམ”ལས་གྲྭའི་དུས་ཐེངས་དྲུག་པའི་རྣམ་གྲངས་ཁྱོན་17ལག་བསྟར་བྱས་པ་དང་། ཚྭ་འདམ་གཤོངས་ས་གཙང་པོ་དང་། ཤང་སྡེ་གཙང་པོ། ཁྲ་ཧན་ཝུའུ་སུའུ་གཙང་པོ་བཅས་འབབ་རྒྱུད་ཆེན་པོ་གསུམ་ལ་གཙོ་གནད་ཐོག་དམིགས་ནས་སྤྱི་ཆིང་ཁྲི་4.65ཡི་བྱེ་འགྱུར་ས་ཆ་བཅོས་སྐྱོང་བྱས་པ་དང་2025ལོའི་ལོ་མཇུག་བར་བཅོས་སྐྱོང་ལས་འགན་སྤྱི་ཆིང་ཁྲི་3.32ལེགས་སྒྲུབ་བྱུང་ཡོད།
མཚོ་སྔོན་ཞིང་ཆེན་མཚོ་ནུབ་གཞུང་ལམ་ཟམ་སྐྲུན་ལས་གྲྭ་ཚད་ཡོད་ཀུང་སིས་སྐྲུན་འགན་འཁུར་བའི་དུར་ལམ་རྫོང་ཁྲ་ཧན་ཝུའུ་སུའུ་གཙང་པོ་རྒྱུག་ཁུལ་གྱི་ཚྭ་འདམ་གཤོངས་སའི་ཐང་རྒོད་ཅན་དང་སྐྱེ་ཁམས་སླར་གསོའི་རྣམ་གྲངས་འདི་ལོ་སྤྱི་ཆིང་2333.33གྱི་སྐྱེ་དངོས་བྱེ་བཅོས་སླར་གསོའི་རྣམ་གྲངས་ལེགས་གྲུབ་བྱ་རྩིས་ཡོད་པ་དང་། མིག་སྔར་མ་བཅོས་རྒྱུ་ཆ་དང་། བཟོ་པ། འཕྲུལ་ཆས་སྒྲིག་ཆས་བཅས་གྲ་སྒྲིག་ཟིན་ནས་ཟླ་4པའི་ཟླ་མཇུག་གོང་ཚང་མ་ལེགས་གྲུབ་བྱ་རྒྱུ་ཡིན་པ་རེད།

འདི་ནི་བྱེ་འགོག་བྱེ་བཅོས་བྱ་ཡུལ་ཡིན་པ།
⒉ “ལམ་སྐྲུན་བྱེ་བཅོས”ནས“འབྱུང་རྩ་ནས་དོ་དམ་ཚོད་འཛིན”བར་བཅོས་སྐྱོང་བྱེད་སྟངས་ལ་ཚད་བརྒལ་གསར་པ་བྱུང་ཡོད།
བྱེ་འགོག་བྱེ་བཅོས་ཀྱི་འགག་རྩ་ནི་ཚན་རིག་དང་མཐུན་པ་དང་། གནད་སྨིན་ཇུས་བསྟར་དང་འབེན་གཏད་ཤུགས་སྣོན་བརྒྱབ་ཚེ་གཞི་ནས་མཁྲེགས་སར་གཏུག་ཐུབ། དུར་ལམ་རྫོང་གི“བྱང་གསུམ”ལས་གྲྭའི་དུས་ཐེངས་དྲུག་པའི་རྣམ་གྲངས་2024ལོར་ལག་ལེན་བསྟར་འགོ་ཚུགས་པ་དང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་9.09བཏང་ནས་ཀྲུང་དབྱང་གི་རྒྱལ་བུན་མ་དངུལ་རྣམ་གྲངས་9ལག་ལེན་བསྟར་བ། འབབ་རྒྱུད་ཆེན་པོ་གསུམ་ལ་དམིགས་ནས་བྱེ་འགྱུར་ས་ཆའི་ཕྱོགས་བསྡུས་བཅོས་སྒྲིག་ལ་སྐུལ་འདེད་བཏང་བ་རེད། མཆོང་སྐྱོད་ལྟ་བུའི་ཚད་བརྒལ་དེ་བཅོས་སྐྱོང་གི་བསམ་ཕྱོགས་དང་། མ་དཔེ། འགན་ལེན་བཅས་ཕྱོགས་ཡོངས་ནས་རིམ་སྤོར་བྱས་པ་ལས་བྱུང་བ་ཞིག་རེད།
ཕྱུག་པོ་ཆགས་པར་སྔོན་ལ་ལམ་བཟོ་བ་དང་བྱེ་འགོག་བྱེ་བཅོས་བྱེད་པར“ལམ་སྐྲུན་བྱེ་བཅོས”ཀྱི་བསམ་ཕྱོགས་མཐའ་འཁྱོངས་བྱེད་དགོས། དུར་ལམ་རྫོང་གིས་ཚན་རིག་དང་མཐུན་པའི་སྒོ་ནས་ལམ་ཐིག་འཆར་འགོད་བྱས་ཏེ་ལམ་དུམ་10ཡི་རྩྭ་ཐང་བསྡུ་སྤྱོད་ཀྱི་འགྲོ་ལུགས་ཚད་མཐུན་གཉེར་ནས་བྱེ་བཅོས་བྱ་ཡུལ་དུ་ལམ་བཟོས་པས་དངོས་ཟོག་སྐྱེལ་འདྲེན་འགན་ལེན་ཐུབ་ཡོད།
ལག་རྩལ་ཐད། དུར་ལམ་རྫོང་གིས་འབྱུང་རྩ་ནས་ཚན་ཞིབ་ཇུས་འགོད་བྱས་པ་དང་གཞུང་ཁོངས་ཁེ་ལས་ཀྱིས་གཞུང་ཁོངས་ཁེ་ལས་འོས་སྐུལ་བྱས་ཏེ་བྱེ་འགོག་བྱེ་བཅོས་དེ་བས་གནད་སྨིན་ཡོང་བ་བྱས་ཡོད། རྫོང་ཁོངས་ཀྱི་བྱེ་འགྱུར་ཁུལ་གཟར་ཁ་ཆེ་བ་དང་། རྩ་ཆེའི་གདོད་མའི་རྩི་ཤིང་ཐར་ཐོར་དག་ཉམས་ཞན་དུ་ཕྱིན་པ། འཕྲུལ་ཆས་ཆེ་གྲས་ཀྱི་ལས་ཀ་སྒྲུབ་ཐབས་མེད་པ་བཅས་ཀྱི་དཀའ་གནད་ལ་དམིགས་ནས། དུར་ལམ་རྫོང་གིས་མི་ཐབས་ལ་བརྟེན་ནས་ཨར་ལས་ཞིབ་ཚགས་མཐའ་འཁྱོངས་བྱས་པ་དང་ཨར་ལས་ཀྱི་མྱུར་ཚད་འགོར་དུ་ཕྱིན་ནའང་། ལོ་བཅུ་ཕྲག་ཁ་ཤས་སོང་བའི་གདོད་མའི་རྩི་ཤིང་ལ་གཏོར་བཤིག་གཏན་ནས་བཏང་མེད།
ཆུ་དཀོན་པ་ནི་བྱེ་ཁུལ་བཅོས་སྐྱོང་གི་ཐུན་མོང་རང་བཞིན་གྱི་འཇུར་མིག་ཡིན། དུར་ལམ་རྫོང་གི་གཡུལ་ས་གཙོ་བོ་རྒྱུག་ཁུལ་ཆེན་པོ་གསུམ་དུ་ཡོད་མོད། ཆུ་དཀོན་པའི་གནད་དོན་སྔར་བཞིན་དཀའ་གནད་ཅིག་ཏུ་གྱུར་ཡོད། ཨར་ལས་རུ་ཁག་གིས་ཨེ་ཁུང་འབིགས་པའི་ལག་རྩལ་གསར་གཏོད་དང་བེད་སྤྱོད་བྱས་ཏེ་བྱེ་ཐང་ཐོག་ཨེ་ཁུང་བརྟོལ་ནས་སྡོང་ཕྲུག་རྩ་བ་བརླན་ས་དང་ཐད་ཀར་ཐུག་པ་བྱས་པས་གསོན་ཚད་འགན་ལེན་ཆེན་པོ་བྱུང་ཡོད།
ད་ལོ་ནི་དུར་ལམ་རྫོང་གི་བྱེ་འགྱུར་བཅོས་སྐྱོང་གི་ཤིང་འཛུགས་ལོ་ཡིན་ལ་འགག་རྩའི་ལོ་ཞིག་ཀྱང་ཡིན། དུར་ལམ་རྫོང་གིས་མྱུག་འདོན་དང་། རྫུན་འཛུགས། འདེབས་འཛུགས་བཅས་ཀྱི་འགག་རྩའི་ལྷུ་ཚིགས་ནན་པོ་བསྲུངས་ཏེ། འགན་འཁྲི་བདའ་འདེད་ཀྱི་འཛིན་ཤོག་གསུམ་སྦྲེལ་མ་དང་ལྟ་སྐུལ་རྣམ་པའི་དོ་དམ་གསར་གཏོད་ཀྱིས་ཟླ་གསུམ་པའི་ཟླ་མཇུག་ཏུ་ཤིང་འཛུགས་དུས་ཚོད་ཡག་ཤོས་དམ་འཛིན་ནན་པོ་བྱེད་པ་དང“ཆུ་དང་བསྟུན་ནས་ཤིང་འཛུགས་པའི”དམིགས་ཚད་དོན་འཁྱོལ་ནན་པོ་བྱས་ནས། སྤྱི་ཆིང་ཁྲི་1.53གྱི་སྡོང་ཕྲུག་འདེབས་འཛུགས་ཀྱི་སྤུས་ཚད་དང་གསོན་ཚད་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཡོད།
⒊ “རྐྱང་རྒྱག་རྐྱང་འཐབ”ནས“ཕྱོགས་མང་མཉམ་ཤུགས”བར་འགག་སྒྲོལ་སྟོབས་ཤུགས་གསར་པ་གཅིག་ཏུ་བསྒྲིལ་བ།
བྱེ་བཅོས་ཀྱི་དཀའ་གནད་མདུན་དུ་དུར་ལམ་རྫོང་གིས་རྩ་འཛུགས་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་འགག་སྒྲོལ་གྱི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ཡོད། རྫོང་ཨུད་དང་རྫོང་སྲིད་གཞུང་གིས་སྤྱི་འདོམས་བྱས་ཏེ“ཧྲུའུ་ཅི་དང་རྫོང་དཔོན་གྱིས་འགན་གཙོ་བོ་འཁུར་བ་དང་། རྫོང་རིམ་པའི་འགོ་ཁྲིད་10ཡིས་དངོས་སྡོད་འགན་གཙང་ལེན་པའི”ལས་ཀའི་མ་ལག་བཙུགས་ནས། 2025ལོའི་ཞིང་ཆེན་ཡོངས་ཀྱི“བྱང་གསུམ”སོགས་གཙོ་གནད་སྐྱེ་ཁམས་ལས་གྲྭའི་སྟོན་དུས་མཉམ་འཐབ་ཀྱི་འགོ་ཚུགས་མཛད་སྒོ་སྤུས་ཚད་མཐོ་པོས་དང་ལེན་བྱས་ཡོད།
རྫོང་ཨུད་ཀྱི་རྒྱུན་ཨུའི་ཚོགས་འདུ་དང་རྫོང་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུའི་ཐོག་ཞིབ་འཇུག་བཀོད་སྒྲིག་ཐེངས་8བྱས་པ་དང་། ལས་དོན་སྐུལ་སྤེལ་ཚོགས་འདུ་ཐེངས་3འཚོགས་པ། ཆེད་དོན་སྐོང་འདྲིའི་ཚོགས་འདུ་ཐེངས་4འཚོགས་པ།“གཟའ་འཁོར་གཅིག་ལ་བཀོད་གཏོང་གསུམ”གྱི་ལམ་སྲོལ་དོན་འཁྱོལ་ནན་པོ་བྱས་པ། “གཅིག་གཏད་གཅིག”གི་ས་གནས་ས་ཐོག་གི་མཛུབ་ཁྲིད་དང་རེས་སྐོར་10ཡི་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བཅས་བྱས་པ་བརྒྱུད། རྩྭ་ཆག་རྒྱ་མར་འདེགས་པ་སོགས་ཀྱི་ཞིབ་ཕྲའི་གནད་དོན་7ཐག་གཅོད་ནུས་ལྡན་བྱུང་བས། གོང་འོག་མཉམ་འགུལ་དང་སྐུལ་འདེད་ནུས་ལྡན་གཏོང་བའི་ལས་ཀའི་རྣམ་པ་ཞིག་ཆགས་ཡོད།
དུར་ལམ་རྫོང་གིས་ད་དུང་འགྲིམ་འགྲུལ་སྐྱེལ་འདྲེན་དང་། ཆུ་བེད། སྐྱེལ་འདྲེན་དོ་དམ་སོགས་སྡེ་ཚན་དང་མཐུན་སྦྱོར་བྱས་ཏེ་ཚང་མས་བྱེ་བཅོས་ལ“ལྗང་མདོག་བགྲོད་ལམ”བཏོད་ཅིང་། “བྱེ་བཅོས་ནི་དོན་ཆེན་ཞིག་ཡིན་པས་སྡེ་ཚན་ཚང་མས་གཞོགས་འདེགས་བྱེད་ཀྱི་འདུག དཔེར་ན་འགྲིམ་འགྲུལ་སྡེ་ཚན་གྱིས་རྩྭ་ཐག་དབོར་འདྲེན་རླངས་འཁོར་སྔོན་ལ་གཏོང་བ་དང་། ཆུ་དགོས་ན་ཆུ་བེད་སྡེ་ཚན་གྱིས་སྔོན་ལ་འགན་སྲུང་བྱེད་པ། འཕྲུལ་ཆས་དགོས་ཚེ་སྐྱེལ་འདྲེན་དོ་དམ་སྡེ་ཚན་གྱིས་ལྗང་མདོག་བགྲོད་ལམ་གཏོད་ཀྱི་ཡོད། སྡེ་ཚན་དེ་དག་གི་གཞོགས་འདེགས་མེད་ན་ང་ཚོའི་ལས་ཀ་མགྱོགས་པོ་དེ་འདྲ་ལེགས་འགྲུབ་ཡོང་མི་སྲིད”ཅེས་ཅིང་གོ་ཁྲེང་གིས་བཤད་།
དུར་ལམ་རྫོང་གི“བྱང་གསུམ”ལས་གྲྭའི་དུས་ཐེངས་དྲུག་པའི་རྣམ་གྲངས་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་མོད། འོན་ཀྱང་མྱ་ངམ་ཐང་རྒོད་བཅོས་སྐྱོང་གི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་བས་ལྷོད་གཡེང་གཏོང་མི་རུང་།
འབྲེལ་ཡོད་གསར་འགྱུར།