དབུ་ཤོག>གསར་འགྱུར།>དམངས་འཚོ།
  • དམངས་འཚོའི་འདུ་འགོད་ལས་གནའ་གྲོང་འཕེལ་རྒྱས་མྱུར་པོ་ཕྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-12

    2025ལོར། ལྷ་ས་གྲོང་ཁྱེར་གྱིས“མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱི་ཆེད་དུ་ཡིན་པའི”ཐོག་མའི་བསམ་འདུན་གཞི་རྩར་བཟུང་སྟེ། འགྲིམ་འགྲུལ་ལམ་དྲར་བརྟེན་ནས་འཕེལ་རྒྱས་ཡོང་ཐབས་བྱེད་པ་དང་། ནང་ཁུལ་ཆུ་བོའི་རྐང་ཐང་ལམ་ལ་བརྟེན་ནས་སྐྱེ་ཁམས་ལེགས་སུ་གཏོང་བ། རིག་ལྡན་ལམ་སྒྲོན་ལ་བརྟེན་ནས་གྲོང་ཁྱེར་གྱི་མཚན་ལྗོངས་ལེགས་སུ་གཏོང་བ། དམངས་ཕན་འབབ་ཚུགས་ལ་བརྟེན་ནས་དམངས་འཚོར་དྲོ་སྐྱིད་སྦྱིན་པ་སོགས་དམངས་འཚོའི་འདུ་འགོད་རེ་རེ་བཞིན་ལག་བསྟར་དོན་འཁྱོལ་བྱས་པས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་པ་རེད།

    གྲོང་ཁྱེར་འཕེལ་རྒྱས་འགྲོ་བར་འགྲིམ་འགྲུལ་བྱ་གཞག་སྔོན་ལ་འཕེལ་རྒྱས་གཏོང་དགོས་ཤིང་། ལྷ་ས་གྲོང་ཁྱེར་གྱིས“འགྲིམ་འགྲུལ་ཆེ་མོའི”འདུ་ཤེས་ལ་བརྟེན་ནས་འགྲིམ་འགྲུལ་འཛུགས་སྐྲུན་དང་གྲོང་ཁྱེར་གསར་སྐྲུན་ལ་སྐུལ་འདེད་བཏང་སྟེ། གྲོང་ཁྱེར་གྱི་འགྲོ་ལམ་སྤྱི་ལེ་500ལྷག་ཙམ་གསར་དུ་བསྐྲུན་པས་ལམ་དྲ་ཁྱབ་ཚད་སྤྱི་ལེ་ངོས་གྲུ་རེར་སྤྱི་ལེ་4.73ཟིན་པ་དང་། ལྷ་ས་སྐྱིད་ཆུ་སྒྲོལ་བའི་ཟམ་པ་11དང་དེ་བཞིན“འཕྲེད་བདུན་གཞུང་བརྒྱད”ཀྱི་གཞུང་ལམ་གཙོ་བོའི་སྒྲོམ་གཞི་བསྐྲུན་པས་ཕྱི་ནང་འབྲེལ་མཐུད་ཀྱི་རྣམ་པ་ཆགས་ཡོད། གཙོ་གནད་དམངས་འཚོའི་རྣམ་གྲངས་ཡིན་པའི་ཆུ་འགྲམ་ལམ་དུམ་གྱི་དུས་ཐེངས་དང་པོའི་ལས་གྲྭར་མ་དངུལ་སྒོར་དུང་ཕྱུར་12.88བཏང་ནས་གྲོང་ཁྱེར་གྱི་གཞུང་ལམ་གཙོ་བོའི་ཚད་གཞི་ལྟར་ཇུས་འགོད་བྱས་ཤིང་། ཁྱོན་རིང་ཚད་སྤྱི་ལེ་8.04ཟིན་པ་དེར་མ་ལམ་དང་ཡན་ལག་ལམ་སོགས་ལེ་ལག་ཚང་བའི་རྣམ་གྲངས་ཚུད་ཡོད། མིག་སྔར། མ་དངུལ་སྒོར་དུང་ཕྱུར་3.7བཏང་བ་དེས་མ་དངུལ་བསྡོམས་འབོར་གྱི་29.2%བཟུང་ཡོད་པ་རེད།

    དེ་སྔ་འགྲོ་སྐྱོད་བདེ་པོ་མེད་པའི་ལྷ་སའི་ནང་ཁུལ་གྱི་ཆུ་འགྲམ་རྐང་ཐང་ལམ་དེ་དག་ད་ཆ་སྨི་4000ལྷག་ཙམ་ཟིན་པའི་ལྗང་མདོག་སྐྱེ་ཁམས་ཁྱམས་རིང་དུ་གྱུར་ཡོད། རྐང་ཐང་ལམ་སྤུས་ལེགས་སྒྱུར་བཀོད་བྱེད་པ་ནི་གཙོ་གནད་དམངས་འཚོའི་འདུ་འགོད་ཅིག་ཡིན་ཞིང་། མ་དངུལ་སྒོར་ཁྲི་5045.68བཏང་བ་དང་། ཨར་ལས་ཚན་པས་ཟླ་བ་3གྱི་རིང་དཀའ་གནད་མང་པོ་བསལ་ནས་སྨི་ངོས་གྲུ་3000ལྷག་ཙམ་གྱི་སྔོ་ལྗང་སྒྱུར་བཀོད་བྱས་ཡོད། ཚོན་ལྡན་ལམ་ངོས་ཁོད་སྙོམས་ལ་འདྲེད་འགོག་ཐུབ་པ་དང་། བོད་བཟོའི་རི་མོ་བརྐོས་པའི་ཟམ་པ་ནི་དྲ་གྲགས་ཀྱི་པར་རྒྱག་ས་ཞིག་ཏུ་གྱུར་པ། ལྗོངས་གཟིགས་སྟེགས་བུ་མཐོང་རྒྱ་ཆེ་བ། ཐང་ཆེན་གྱི་སྔོ་ལྗང་ཁུལ་དུ་ངལ་གསོའི་རྐུབ་སྟེགས་ཡོད་པ་སོགས་སྒྱུར་བཀོད་བྱས་རྗེས་ཀྱི་ཆུ་འགྲམ་རྐང་ཐང་ལམ་གྱི་ཡུལ་ལྗོངས་དང་བྱེད་ནུས་གཉིས་ཀ་ལེགས་སུ་ཕྱིན་ཡོད་པ་རེད།

    ས་སྲོས་མཚམས་སུ། ལྷ་སའི་ཁྲོམ་གཞུང་དུ“གངས་ལྷ་མེ་ཏོག་བཞད་པའི”དབྱིབས་ཀྱི་ལམ་སྒྲོན་རིམ་བཞིན་གསལ་བ་དང་། གྲོང་ཁྱེར་གྱི་འགྲོ་ལམ་སྤྱི་ལེ་136.53ཙམ་ལ་ལམ་སྒྲོན་བསྒར་ཡོད། མ་དངུལ་སྒོར་དུང་ཕྱུར་6.37ལྷག་ཙམ་བཏང་བ་དང་། འགྲོ་ལམ་ཆེ་ཆུང་58ལ་ཁྱབ་པའི་ལམ་སྒྲོན་བསྒར་བའི་དུས་ཐེངས་དང་པོ་དང་གཉིས་པའི་ལས་གྲྭ་ཕུན་སུམ་ཚོགས་པོའི་ངང་ལས་མཇུག་འགྲིལ་ཞིང་། བོད་བཟོའི་མཛེས་རིས་དང་རིག་ལྡན་ཚན་རྩལ་མཉམ་འདྲེས་ཐུབ་ནས“ཉི་འོད་གྲོང་ཁྱེར”གྱི་མཚན་ལྗོངས་དེ་བས་མཛེས་པོ་ཡོད།

    2024ལོའི་ཟླ་10པ་ནས་བཟུང་། ལྷ་ས་གྲོང་ཁྱེར་གྱིས་སྤྱི་སྤྱོད་རླངས་འཁོར་འབབ་ཚུགས་གསར་སྒྱུར་སྒྱུར་བཀོད་ལས་གྲྭ་འགོ་ཚུགས་ནས་འབབ་ཚུགས་གསར་པ་356སྤྱོད་འགོ་ཚུགས་ཡོད། འབབ་ཚུགས་གསར་པར་རིག་ནུས་གློག་རྡུལ་བརྙན་ཤེལ་སྒྲིག་སྦྱོར་བྱས་པས། རླངས་འཁོར་གནས་ཡུལ་དང་འབབ་ཚུགས་སུ་འབྱོར་བའི་དུས་ཚོད་དུས་ཐོག་ཏུ་མངོན་གྱི་ཡོད་ལ། སྔོན་དཔག་ལྟར་གནད་ལ་འཁེལ་ཚད་95%ལྷག་ཙམ་ཟིན་གྱི་ཡོད། རླངས་འཁོར་སྒུག་སའི་ཁོར་ཡུག་ཀྱང་དུས་མཚུངས་སུ་ལེགས་སུ་ཕྱིན་ཞིང་། རྒྱ་ཆེར་བཏང་བའི་ཐོག་ཡོལ་གྱིས་གྲིབ་བསིལ་དང་ཆར་གཡོལ་ཐུབ་པ་དང་། འདྲེད་འགོག་རུལ་འགོག་གི་རྒྱབ་བསྙེས་བསྒར་ཡོད། འབབ་ཚུགས་ཇུས་འགོད་བྱེད་སྐབས་བོད་ཀྱི་རིག་གནས་གཞི་རྒྱུ་འདྲེས་ཡོད་ཅིང་། གྲོང་ཁུལ་རྙིང་པའི་འབབ་ཚུགས་ལ་གནའ་ཉམས་དོད་པའི་ལོ་རྒྱུས་མངོན་པ་དང་། གྲོང་ཁུལ་གསར་པའི་འབབ་ཚུགས་ལ་སྟབས་བདེའི་ཇུས་འགོད་བྱས་པས་དེང་རབས་ཀྱི་མཛེས་རིག་མངོན་ཡོད་པ་རེད།

    འགྲིམ་འགྲུལ་ལམ་དྲ་ནས་སྐྱེ་ཁམས་རྐང་ཐང་ལམ་བར་དང་། རིག་ལྡན་ལམ་སྒྲོན་ནས་དམངས་ཕན་འབབ་ཚུགས་བར། ལྷ་ས་གྲོང་ཁྱེར་གྱིས་དམངས་འཚོའི་འདུ་འགོད་འཛུགས་སྐྲུན་ལས་དོན་ཧུར་ཐག་སྤེལ་བཞིན་ཡོད། འབྱུང་འགྱུར། ས་མཐོའི་གནའ་གྲོང་འདི་ཉིད་ཀྱིས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ལ་རྒྱུན་མཐུད་དམིགས་ནས་གངས་ལྗོངས་ས་མཐོའི་མང་ཚོགས་ཀྱི་བདེ་སྐྱིད་སྙན་དབྱངས་གང་སར་ཁྱབ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།