ས་མཐོར་སྤྱོད་སྒོ་ཆེ་ལ་སྤོ་བདེ་བའི་སྒྲོམ་ཚང་ནག་ཆུར་ཞིབ་བཤེར་རྩིས་ལེན་ཐུབ་པ།
དེང་གི་ས་མཐོར་འབྲོག་པས་ཕྱུགས་འཚོ་བ་དང་། གཞི་རིམ་དུ་དམངས་ཕན་ཞབས་འདེགས་ཞུ་བ། སྐབས་འཕྲལ་སྨན་བཅོས་རོགས་སྐྱོབ། ཕྱི་རོལ་དུ་འཕྲལ་སྡོམ་ལས་རེས་བཅས་བྱེད་པར་ལག་ཆ་གསར་པ་ཞིག་ཡོད་པ་སྟེ། ས་མཐོར་སྤྱོད་སྒོ་ཆེ་བའི་ལྗང་མདོག་སྤོ་བདེའི་སྒྲོམ་ཚང་རེད། གསར་འགོད་པར་ནག་ཆུ་གྲོང་ཁྱེར་ཚན་རྩལ་ཅུས་ནས་ཤེས་རྟོགས་བྱུང་བར། ཉིན་ཤས་གོང་། “ས་མཐོར་སྤྱོད་སྒོ་ཆེ་བའི་ལྗང་མདོག་སྤོ་བདེའི་སྒྲོམ་ཚང་གི་བྱེད་ནུས་ལེགས་སུ་གཏོང་བའི་འགག་རྩའི་ལག་རྩལ་ཞིབ་འཇུག”གི་རྣམ་གྲངས་དེ་ཉིད་ནག་ཆུར་བདེ་བླག་ངང་ཞིབ་བཤེར་རྩིས་ལེན་ཐུབ་པ་དེ་ཐོག་ནས་ས་མཐོའི་དམིགས་བསལ་ཁོར་ཡུག་འོག་གི་སྟབས་བདེའི་འགན་སྲུང་སྒྲིག་ཆས་ཀྱི་འགག་རྩའི་ལག་རྩལ་གྱི་འགག་གནད་ལ་ཚད་བརྒལ་ཆེན་པོ་བྱུང་བ་མཚོན་གྱི་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ས་བབ་མཐོ་བ་དང་། གནམ་གཤིས་གྲང་བ། གསོ་རླུང་དཀོན་པ། ཁ་བ་བུ་ཡུག་འཚུབ་མང་བ་སོགས་ཀྱི་གནམ་གཤིས་ལ་དམིགས་ནས། ཚན་ཞིབ་ཚོགས་པས་རླུང་འགོག་དྲོད་སྲུང་དང་། ལྗང་མདོག་ནུས་རྒྱུ། སྐབས་བསྟུན་བཀོད་སྒྲིག ལྷུ་ལག་སྒྲིག་སྦྱོར་བཅས་ཀྱི་ལྟེ་བའི་ལག་རྩལ་ཆེན་པོ་བཞི་གཙོ་གནད་ཐོག་འགག་སྒྲོལ་བྱས་པ་རེད།
སྒྲོམ་ཚང་ཇུས་འགོད་བྱེད་སྐབས་བསམ་བློ་མང་པོ་བཏང་ཡོད་དེ། ཧ་ཅང་མགྱོགས་པོ་ཡོད་ཅིང་། མྱུར་ཚད་མགྱོགས་ཤོས་སུ་ཆུ་ཚོད་རེར་སྤྱི་ལེ་65ཟིན་གྱི་ཡོད། ཧ་ཅང་བརྟན་པོ་ཡོད་ཅིང་། དབང་གྲགས་ཞིབ་དཔྱད་ཚད་ལེན་བྱས་པ་བརྒྱུད་ལྷགས་པ་ཆེན་པོ་རིམ་པ་11དང་ཆར་པ་དང་ཐལ་རླུང་འགོག་པ་སོགས་ཀྱི་བྱེད་ནུས་ཚང་མ་ཚད་ལོན་ཡོད། དྲོད་སྲུང་དུས་ཡུན་རིང་བ། ཉི་ནུས་གློག་འདོན་མ་ལག་གིས་ཉིན་མཚན་བལྟོས་མེད་ངང་གློག་ཆུ་ཚོད་ཆན་ཝ་1.56ནས་10.24བར་གཏོང་ཐུབ་པ་མ་ཟད། དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་20ཡི་ཁོར་ཡུག་ཏུའང་སྒྲོམ་ཚང་ནང་གི་དྲོད་ཚད་སྐར་མ་30ཡི་ནང་ཧྲེ་ཧྲི་ཏུའུ་20ཡན་དུ་འཕར་བའི་འགན་ལེན་ཐུབ་པ་དང་། དྲོད་སྲུང་དུས་ཡུན་ཆུ་ཚོད་12ལྷག་ཟིན་གྱི་ཡོད་པ་རེད།
ལག་རྩལ་འགག་སྒྲོལ་བྱེད་པར་གསར་གཏོད་ཀྱི་མ་ལག་ཆ་ཚང་ཞིག་སྐྲུན་དགོས་ཤིང་། རྣམ་གྲངས་ལ་རིམ་རྩིས་བརྒྱབ་ན་ཚན་ཞིབ་གྲུབ་འབྲས་ཁག་10ཐོབ་པ་སྟེ། ཆེད་སྤྱོད་སྒྲོམ་ཚང་བཞི་བདེ་བླག་ངང་ཞིབ་འཇུག་དང་གསར་བཟོ་ཐུབ་པ་དང་། རེ་ཞུ་བྱས་པའི་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་ཁག་1དངོས་སུ་ཞིབ་བཤེར་བྱེད་པའི་དུས་མཚམས་སུ་སླེབས་པ། རེ་ཞུ་བྱས་པའི་དངོས་སྤྱོད་ཁེ་བེད་བདག་ཐོབ་གསར་པ་ཁག་3གྱི་ནང་ཁག་1ལ་དབང་ཆ་སྤྲད་པ་མ་ཟད། ཁེ་ལས་ཀྱི་ཚད་གཞི་ཆ་ཚང་དང་སྒྲིག་སྦྱོར་ལག་རྩལ་གྱི་ཚད་གཞི་ཞིག་ཀྱང་བཟོས་ཡོད་པ་རེད།
མིག་སྔར། ནག་ཆུ་གྲོང་ཁྱེར་གྱིས་སྨི་ངོས་གྲུ་2000ཟིན་པའི་ཆེད་ལས་ཅན་གྱི་བཟོ་འཁོར་བསྐྲུན་པ་དང་ཐོན་སྐྱེད་ལས་གནས་12བཙུགས་པས། ཉིན་རེར་ས་མཐོའི་སྤྱོད་སྒོ་ཆེ་ལ་སྤོ་བདེ་བའི་སྒྲོམ་ཚང་2ཐོན་སྐྱེད་ཐུབ་ཀྱི་ཡོད། སྒྲོམ་ཚང་6ཚོད་ལྟའི་ས་ཁུལ་5ལ་སྤྱོད་འགོ་ཚུགས་པ་དང་། སྤྱོད་མཁན་གྱི་ཚུར་ལན་ཡག་པོ་ཐོབ་ཡོད་ཅིང་། འབྲོག་པའི་སྒྲོམ་ཚང་20ཡི་མངགས་ཐོ་ཚང་མ་རྩིས་སྤྲད་ཟིན་ཡོད། རྣམ་གྲངས་ཚོགས་པས་ད་དུང་མཉམ་འབྲེལ་ཐོག་གསོ་རླུང་མཁོ་འདོན་སྒུལ་བདེའི་སྒྲོམ་ཚང་30ཞིབ་འཇུག་དང་གསར་བཟོ་བྱས་ནས་མེ་འཁོར་འབབ་ཚུགས་དང་ཡུལ་སྐོར་མཛེས་ལྗོངས་ཁུལ་སོགས་སུ་འཇོག་རྩིས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།