ལོ་གསུམ་དཀའ་བ་སྤྱད་ནས་དཔྱིད་དུས་ཞིང་ཆུ་ཡག་པོ་འདྲེན་ཐུབ་པའི་འགན་ལེན་བྱས་པ།
—— བར་རྩེ་ཆུ་བེད་ལྟེ་བའི་ལས་གྲྭའི་འཛུགས་སྐྲུན་པས་ཚན་རྩལ་གསར་གཏོད་ལ་བརྟེན་ནས་ས་མཐོར་དགུན་དུས་ཨར་སྐྲུན་དཀའ་བའི་དཀའ་གནད་བསལ་བ།
དཔྱིད་ཀ་ཤར་བས་ས་གཞི་ཡོངས་སུ་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་། གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་ཆུ་འོག་ཤང་དུ་གནས་པའི་བར་རྩེ་ཆུ་བེད་ལྟེ་བའི་ལས་གྲྭ་དང་དེ་བཞིན་ལྷན་སྦྱར་ཞིང་ཆུ་འདྲེན་ཁུལ་ལས་གྲྭའི་ལས་ཡུལ་ནས་འཕྲུལ་འཁོར་གྱི་ལྡིར་སྒྲ་གྲགས་ཤིང་། ལས་བཟོ་རྣམས་ཚ་ཚ་འུར་འུར་ངང་ལས་ཀ་བྱེད་པའི་རྣམ་པ་ཞིག་མངོན།
“ང་ཚོས་དགུན་ཁ་གསུམ་བསྟུད་མར་ལས་མཚམས་བཞག་མེད”ཅེས་རྣམ་གྲངས་པུའི་མཉམ་འབྲེལ་ཏང་ཀྲི་པུའི་ཧྲུའུ་ཅི་ལི་ཅུན་གྱི་སྐད་ཆ་དེ་ལས་ལས་གྲྭ་འཛུགས་སྐྲུན་པ་ཚོས་ལས་གནས་བརྟན་སྲུང་བྱས་པ་གསལ་པོར་མཚོན་ཐུབ།
བོད་དུ་གནམ་གཤིས་ཀྱི་རྐྱེན་པས་དགུན་ཁ་ལས་གྲྭ་མང་ཆེ་བ་གནས་སྐབས་ལས་མཚམས་འཇོག་དགོས་ཀྱི་ཡོད། ངམ་རིང་རྫོང་ནི་མཐོ་གྲང་ས་ཁུལ་དུ་གནས་པ་དང་དགུན་ཁ་གྲང་ཤོས་སྐབས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་19ཟིན་གྱི་ཡོད། འོན་ཀྱང་བར་རྩེ་ཆུ་བེད་ལྟེ་བའི་ལས་གྲྭ་དེ་དགུན་དུས་སུའང་ལས་ཀ་བྱེད་ཐུབ་པའི་རྒྱུ་མཚན་གང་ཡིན་ནམ་ཞེ་ན།
“ངམ་རིང་རྫོང་ནི་ས་བབ་མཐོ་བ་དང་དགུན་ཁ་གྲང་ལ་དབྱར་ཁར་ཆར་ཆུ་འབེལ་བས། ལོ་ལྟར་ཨར་ལས་དུས་ཡུན་ཟླ་བ་བཞི་ལྔ་ཙམ་ལས་མེད། གལ་སྲིད་ང་ཚོས་དགུན་ཁར་ལས་མཚམས་བཞག་ཚེ་ཆུ་འདྲེན་དང་ཆུ་རགས་རྒྱག་པ་སོགས་འགག་རྩའི་ལས་འགན་དུས་བཀག་ལྟར་ལེགས་སྒྲུབ་བྱེད་དཀའ་བར་བརྟེན་ལས་གྲྭ་ཧྲིལ་པོའི་ཨར་སྐྲུན་དུས་ཡུན་ཧ་ཅང་རིང་དུ་འགྲོ་སྲིད”ཅེས་ལི་ཅུན་གྱིས་འགྲེལ་བཤད་བརྒྱབ་པ་དང་ཁོང་གིས་མྱུར་ཚད་དམ་འཛིན་བྱ་ཆེད། རྣམ་གྲངས་ཚོགས་པས“དགུན་ཁ་ལས་མཚམས་མི་འཇོག་པ་དང་དཔྱིད་གསར་དུས་ཆེན་ལ་ངལ་གསོ་མི་འཇོག་པའི”གཏན་འབེབས་བྱས་ཏེ་2023ལོའི་ལོ་མཇུག་ནས་བཟུང་ལོ་གསུམ་རིང་དགུན་ཨ་རང་ད་རང་ལའང་ལས་ཡུལ་དུ་ལས་གནས་བརྟན་སྲུང་བྱས་ནས་བསྡད་ཀྱི་ཡོད་ཅེས་བཤད།
“གཟིགས་དང་། ཕ་གི་ནི་ང་ཚོས་དགུན་ཁ་དང་ཆར་ཞོད་ཆེ་དུས་ལས་ཀ་བྱེད་ཐུབ་པའི‘ཐབས་མཆོག’དེ་རེད”ཅེས་ཨར་ལས་བྱ་ཡུལ་གྱི་མཐོ་སར་ལངས་ཏེ་ལི་ཅུན་གྱིས་གཞུ་དབྱིབས་ཀྱི་མདོག་དཀར་དངོས་པོ་གཉིས་བསྟན་ནས་འདི་ནི་རྒྱལ་ཡོངས་སུ་ཐོག་མར་གསར་གཏོད་བྱས་པའི་ས་བབ་མཐོ་བའི་སྒུལ་བདེའི་རྣམ་པའི་ཞེང་ཚད་ཆེ་བའི་རླུང་རྩིབ་མཛོད་རེད། དེས་ས་བབ་མཐོ་བའི་ས་ཁུལ་དུ་སྣུམ་སྙིགས་དང་ཨར་འདམ་གྱང་གི་རླུང་འགོག་དང་ཆར་འགོག དེ་བཞིན་དགུན་དུས་ཀྱི་དྲོད་སྲུང་བཅས་ཀྱི་དཀའ་གནད་ནུས་ལྡན་སེལ་ཐུབ་ཅེས་སྤོབས་པ་ཆེན་པོས་ངོ་སྤྲོད་བྱས།
ས་བབ་མཐོ་བའི་སྒུལ་བདེའི་རྣམ་པའི་ཞེང་ཚད་ཆེས་ཆེ་བའི་རླུང་རྩིབ་མཛོད་ནི་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་5000དང་མཐོ་ཚད་སྨི་24ཟིན་པའི་ཁ་ཟུམ་རྣམ་པའི་ཨར་ལས་མཛོད་ཅིག་ལས་ཀ་བྱེད་སའི་སྒུལ་བདེའི་འཁོར་ལམ་སྟེགས་བུའི་ཐོག་བསྒར་བ་ཞིག་ཡིན་ཞིང་། ལས་ཀ་བྱེད་སར“དྲོད་སྲུང་ཁང་པ”ཞིག་བརྒྱབ་པ་དང་མཚུངས་ཤིང་། དེའི་ནང་དུ་གློག་གི་ཚ་སྐུད་ཀྱིས་རླུང་གཏོང་བ་དང་། དྲོད་ཚད་དང་བཞའ་ཚན་བརྟག་པ། དེ་བཞིན་གནོད་ཡོད་རླངས་གཟུགས་ལྟ་ཞིབ་ཚད་ལེན་བྱེད་པ་བཅས་ཀྱི་མ་ལག་བསྒར་ཡོད་པས། རླུང་དང་ཆར་པ་འགོག་ཐུབ་ལ་དྲོད་སྲུང་ཡང་བྱེད་ཐུབ་པས་ཨར་ལས་མི་སྣས་དགུན་དུས་དང་ཆར་དུས་གཉིས་ཀར་ཉིན་མཚན་ལྟོས་མེད་ལས་ཀ་བྱེད་ཐུབ་ཀྱི་ཡོད་པ་རེད།
དེ་ནི་རྣམ་གྲངས་ཚོགས་པས་དགུན་དུས་ཨར་ལས་བདེ་བླག་ཡོང་བར་སྐུལ་འདེད་གཏོང་ཆེད་ཞིབ་འཇུག་གསར་སྤེལ་བྱས་པའི་ཚན་རྩལ་གྲུབ་འབྲས་ཀྱི་གྲས་ཤིག་རེད། གཞི་དོང་གཏིང་རིང་པོར་ཨར་ལས་རྒྱུ་ཆ་དབོར་འདྲེན་བྱེད་ཁག་པའི་དཀའ་གནད་སེལ་ཆེད། ཚོགས་པས་རྒྱུ་ཆ་དབོར་འདྲེན་གྱི་ཞེང་ཆེའི་འཁོར་རིགས་ཆུང་གྲས་རང་བརྟེན་ཞིབ་བཟོ་བྱས་ནས་སྨི་15ཟིན་པའི་གཞི་དོང་གཏིང་རིང་པོར་བགྲོད་ལམ་མེད་པར་རྒྱུ་ཆ་དབོར་འདྲེན་བྱེད་པའི་ལག་རྩལ་གྱི་འཇུར་མིག་བསལ་ནས། ཆུ་རགས་ཀྱི་སིམ་འགོག་ལུགས་རྒྱག་སོགས་འགག་རྩའི་ལས་རིམ་དགུན་དུས་ཀྱང་ལག་ལེན་བསྟར་ཐུབ་པའི་འགན་ལེན་བྱས་ཡོད། ས་མཐོར་དགུན་དུས་ཨར་འདམ་བཏིང་ན་འཁྱགས་པ་ཐེབས་ནས་གས་སླ་བ་དང་ཡུན་རིང་པོ་འཁྱོལ་གྱི་མེད་པའི་ལས་རིགས་ཀྱི་དཀའ་གནད་སེལ་ཆེད། ཚོགས་པས་ནན་ཅིང་ཆུ་བེད་ཚན་རིག་ཞིབ་འཇུག་ཁང་དང་མཉམ་འབྲེལ་བྱས་ནས་འཁྱགས་འགོག་བྱུག་རྫས་ཀྱི་རྒྱུ་ཆ་གསར་སྤེལ་དང་། ལྕགས་ལེབ་ཀྱི་འགོག་སྲུང་བཟོ་རྩལ་ཞིབ་འཇུག་བྱས་ཏེ་ས་བབ་མཐོ་བའི་ཆུ་ལས་བཟོ་སྐྲུན་གྱི་བསྲན་ཐུབ་རང་བཞིན་གྱི་དཀའ་གནད་ནུས་ཤུགས་ཡོད་རྒུས་བསལ་ནས་ས་མཐོའི་ཆུ་བེད་ལས་གྲྭའི་དགུན་དུས་ཨར་ལས་ཀྱི་ལག་རྩལ་ཐད་ཀྱི་ཞན་ཆ་བསལ་ཡོད་པ་རེད།
ཇོ་མོ་གླང་མའི་གྲོང་ཁྱེར་མ་འཇོག་ཚོགས་པ་བར་རྩེ་ཆུ་བེད་ལས་གྲྭ་འཛུགས་སྐྲུན་པུའི་པུའུ་ཀྲང་ཁྲེན་དབྱི་ཡུས་ནི་ཚན་རྩལ་གསར་གཏོད་ཚོགས་པའི་ལྟེ་བའི་མི་སྣ་ཡིན་པ་དང་དཔྱིད་གསར་དུས་ཆེན་ལ་ལས་བྱ་བྱེད་རིང་ཁོང་གིས་རུ་ཁག་གི་སྣེ་ཁྲིད་དེ་ཆུ་ཚོད་24རིང་ཆུ་རགས་དང་། ལྟ་ཞིབ་ཚད་ལེན་སྒྲིག་ཆས། བཀོད་གཏོང་ལག་རྩལ་ཚོགས་ཆུང་བཅས་ལ་སྐོར་ཞིབ་བྱས་པ་དང་། སྐབས་འགར་ཉིན་གཅིག་ལ་གོམ་གྲངས་ཁྲི་ཁ་ཤས་ཟིན་པ་དང་མཚན་མོར་ད་དུང་ཐོལ་བྱུང་གི་ལག་རྩལ་ལམ་ཡང་ན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་ཁ་གཏད་གཅོག་དགོས་ཀྱི་ཡོད། ཁྲེང་དབྱི་ཡུས་ཀྱིས“གཟུགས་པོར་དངོས་གནས་དཀའ་ལས་འདུག འོན་ཀྱང་ངས་བློས་གཏོང་བྱེད་བསམ་མྱོང་མེད། ཚོགས་པས་ས་བབ་མཐོ་སའི་ཨར་ལས་ལག་རྩལ་གྱི་དཀའ་གནད་རེ་རེ་ཁྱད་བསད་ཐུབ་པ་དང་ལས་གྲྭ་ལེགས་གྲུབ་བྱུང་རྗེས་ཞིང་ཆུ་གཏོང་ཁུལ་གྱི་དགུན་དཔྱིད་གཉིས་ལ་ཆར་ཆུ་དཀོན་པའི་གནད་དོན་ཐག་གཅོད་མཐར་ཕྱིན་པ་ཐུབ་རྒྱུ་ཡིན་པ་བསམ་བློ་འཁོར་སྐབས་ངལ་དུབ་ཚང་མ་སངས་འགྲོ་ཡི་འདུག”“ས་མཐོའི་དཀའ་ཚེགས་ཆེ་ཤོས་ཀྱི་ས་ཆར་ལག་རྩལ་གསར་གཏོད་ཀྱི་གྲུབ་འབྲས་དོན་ཐོག་ཏུ་འཁྱོལ་ནས་མི་སྲིད་པ་དེ་དག་སྲིད་པར་འགྱུར་བ་བྱ་རྒྱུ་དེ་ནི་ང་ཚོའི་རིན་ཐང་གནས་ས་དེ་རེད”ཅེས་བཤད།
2026ལོའི་དཔྱིད་གསར་དུས་ཆེན་ལའང་ཁྲེན་དབྱི་ཡུས་ནང་མི་དང་མཉམ་འཛོམས་བྱེད་ཐུབ་མེད། ཁོང་གིས“ལས་ཡུལ་བརྟན་སྲུང་བྱེད་པ་ནི་ལས་གྲྭའི་བདེ་འཇགས་ཀྱི་མཐའ་ཚད་སྲུང་བ་ཞིག་ཡིན་པ་མ་ཟད། དེ་ནི་ང་ཚོ་ཆུ་བེད་བའི་འགན་འཁྲི་ཞིག་ཡིན་ལ། ཚན་རྩལ་ལས་དོན་པས་གངས་ལྗོངས་ས་མཐོར་འཁུར་བའི་འགན་འཁྲི་ཞིག་དེ་བས་ཀྱང་རེད”ཅེས་གནོང་འགྱོད་མེད་པར་དེ་ལྟར་བཤད།
2023ལོའི་དགུན་ཁར་མི་315གིས་བརྟན་སྲུང་དང་། 2024ལོའི་དགུན་ཁར་མི་272ཀྱིས་བརྟན་སྲུང་། 2025ལོའི་དགུན་ཁར་མི་292ཀྱིས་བརྟན་སྲུང་བཅས་བྱས་པའི་གྲངས་གཞི་ལས་འཛུགས་སྐྲུན་པ་ཚོས་ལས་གནས་བརྟན་སྲུང་དང་འགན་འཕྲི་ཕྲག་ཏུ་འཁུར་བ་མཚོན་པ་མ་ཟད།“གསོ་རླུང་ཉུང་ཡང་སྙིང་སྟོབས་མི་ཉམས་པ་དང་དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པའི”སྙིང་སྟོབས་དེ་བས་ཀྱང་མཚོན་ཡོད།
ས་གཞི་ཆེ་མོར་དཔྱིད་ཀྱི་དཔལ་ཡོན་བཞད་པས། བར་རྩེ་ཆུ་བེད་ལྟེ་བའི་ལས་གྲྭའི་ཨར་སྐྲུན་བྱ་ཡུལ་དུ་འཕྲུལ་ཆས་ཀྱི་ལྡིར་སྒྲ་རྒྱུན་ཆད་མེད་པར་གྲགས་པ་དང་འཛུགས་སྐྲུན་པ་ཚོའི་བྲེལ་འཚུབ་ཀྱི་གཟུགས་བརྙན་གང་སར་མཐོང་རྒྱུ་ཡོད། ཁོང་ཚོས་འབད་འཐབ་དང་བརྟན་སྲུང་གི་སྙིང་སྟོབས་ལ་བརྟེན་ནས་ས་མཐོའི་ཆུ་བེད་ལས་གྲྭའི་འཛུགས་སྐྲུན་ཐད་གཡུར་དུ་ཟ་བའི་རྒྱུགས་ལན་ཞིག་འབུལ་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།