ཀྲུང་གོའི་ཁེ་ལས་ཀྱིས་མ་འཇོག་བྱས་པའི་ལོ་སིའི་འོད་ཤུགས་རྣམ་གྲངས་སྤྱོད་འགོ་ཚུགས་པ།

འདི་ནི་ཟླ་4ཚེས་7ཉིན་ལོ་སིའི་རྒྱལ་ས་ཝན་ཐེན་ནས་པར་བླངས་པའི་ཀྲུང་གོ་ཀོང་ཧོ་ཚོགས་པའི་ལོ་སི་བྱང་རྒྱུད་ཕན་ཚུན་འབྲེལ་མཐུད་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞིའི་དུས་ཐེངས་དང་པོའི་ཆན་ཝ་ཁྲི་100ཟིན་པའི་འོད་ཤུགས་རྣམ་གྲངས་སྤྱོད་འགོ་ཚུགས་པའི་ཚོགས་ཆེན་འཚོག་ཡུལ་ཡིན་པ།
ཀྲུང་གོ་ཀོང་ཧོ་ཚོགས་པའི་ལོ་སི་བྱང་རྒྱུད་ཕན་ཚུན་འབྲེལ་མཐུད་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞིའི་དུས་ཐེངས་དང་པོའི་ཆན་ཝ་ཁྲི་100ཟིན་པའི་འོད་ཤུགས་རྣམ་གྲངས་སྤྱོད་འགོ་ཚུགས་པའི་ཚོགས་ཆེན་ཚེས་7ཉིན་ལོ་སིའི་རྒྱལ་ས་ཝན་ཐེན་དུ་འཚོགས་ཤིང་། ལོ་སིའི་ཙུང་ལི་སུང་སའེ་དང་དེ་བཞིན་ཀྲུང་གོ་དང་ལོ་སིའི་ཕྱོགས་གཉིས་ཀྱི་འབྲེལ་ཡོད་སྲིད་གཞུང་དང་ཁེ་ལས་ཀྱི་འཐུས་མི་200ལྷག་ཙམ་བྱེད་སྒོར་ཞུགས་པ་རེད།
རྣམ་གྲངས་དེ་ལོ་སིའི་ཝུའུ་ཏུའོ་མུའུ་སའེ་ཞིང་ཆེན་མོང་སའེ་རྫོང་དང་ནཱ་མོ་རྫོང་དུ་གནས་པ་དང་། སྔོན་དཔག་བྱས་ན་ལོར་ཆ་སྙོམས་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་16.5ཟིན་རྒྱུ་ཡིན་པ་དེས་དབྱང་གཉིས་ཐཱན་འགྱུར་ཏུན་ཁྲི་130ཙམ་ཉུང་དུ་གཏོང་བ་དང་གཅིག་མཚུངས་རེད།
ལོ་སིའི་བཟོ་ལས་དང་ཚོང་དོན་པུའི་པུའུ་ཀྲང་མཱ་ལའེ་ཐུང་གིས་ཤིས་ཚིག་སྒྲོན་སྐབས། རྣམ་གྲངས་དེས་ལོ་སི་དང་ཀྲུང་གོའི་གློག་ཤུགས་ཕན་ཚུན་འབྲེལ་མཐུད་བྱས་ནས་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་བ་མ་ཟད། ལོ་སིར་ལས་ཞུགས་གོ་སྐབས་མང་པོ་ཞིག་བཏོད་ནས་འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་ཀྱང་ཐུབ་ཡོད། རྣམ་གྲངས་ཕྱོགས་ཀྱི་བསྡོམས་རྩིས་ལ་གཞིགས་ན། རྣམ་གྲངས་འཛུགས་སྐྲུན་མང་དུས་སུ་ས་གནས་དེར་ལས་གནས་3000ཙམ་མཁོ་འདོན་བྱས་ཡོད་ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།