དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་། ཨ་ཧྥུ་ཀ་ནི་སི་ཐན། ཕ་ཁི་སི་ཐན་བཅས་ཕྱོགས་གསུམ་པོའི་འཐུས་མིས་ཝུའུ་ལུའུ་མུའུ་ཆིར་དངོས་གཞི་མིན་པའི་ཞལ་འཛོམས་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2026-04-11

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཚེས་8ཉིན་གསར་འགོད་པར་ཕྱི་འབྲེལ་པུའུ་ནས་ཤེས་རྟོགས་བྱུང་བར། ཟླ་4ཚེས་1ཉིན་ནས་ཚེས་7ཉིན་བར། ཀྲུང་གོ་དང་། ཨ་ཧྥུ་ཀ་ནི་སི་ཐན། ཕ་ཁི་སི་ཐན་བཅས་ཕྱོགས་གསུམ་པོའི་འཐུས་མིས་ཤིན་ཅང་ཝུའུ་ལུའུ་མུའུ་ཆིར་གཟའ་འཁོར་གཅིག་བསྟུད་མར་དངོས་གཞི་མིན་པའི་ཞལ་འཛོམས་གནང་བ་རེད།

    ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་འདྲི་བར་ལན་འདེབས་སྐབས། དེ་གོང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱི་དང་ཕ་ཁི་སི་ཐན་གྱི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་ཏཱ་ཨར་དང་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་མུའུ་ཐཱ་ཅི་དབར་མཉམ་འགུལ་བྱས་ནས་བྱུང་བའི་ཐུན་མོང་གི་ངོས་འཛིན་གཞིར་བཟུང་། ཟླ་4ཚེས་1ཉིན་ནས་ཚེས་7ཉིན་བར་ཀྲུང་གོ་དང་། ཨ་ཧྥུ་ཀ་ནི་སི་ཐན། ཕ་ཁི་སི་ཐན་བཅས་ཕྱོགས་གསུམ་པོའི་འཐུས་མིས་ཤིན་ཅང་ཝུའུ་ལུའུ་མུའུ་ཆིར་གཟའ་འཁོར་གཅིག་བསྟུད་མར་དངོས་གཞི་མིན་པའི་ཞལ་འཛོམས་གནང་བ་རེད། ཕྱོགས་གསུམ་པོའི་འཐུས་མི་ཚོགས་པ་ནི་ཕྱི་འབྲེལ་དང་། འགོག་སྲུང་། བདེ་འཇགས་སོགས་སྡེ་ཚན་བརྒལ་བའི་འཐུས་མི་ལས་གྲུབ་ཅིང་། ཞལ་འཛོམས་གྲོས་བསྡུར་གནང་སྐབས་ཟོལ་མེད་དོན་གཉེར་བྱུང་བ་མ་ཟད། རྣམ་པ་ཡག་པོ་ཡོད་པས། གནད་དོན་གྱི་སྟོན་ཕྱོགས་དང་། ཕན་འབྲས་ཀྱི་སྟོན་ཕྱོགས། བྱ་སྤྱོད་ཀྱི་སྟོན་ཕྱོགས་བཅས་མངོན་ཡོད་ཅེས་གསུངས་པ་རེད།

    མའོ་ཉིང་གིས་གསུངས་དོན། ཨ་ཧྥུ་ཀ་ནི་སི་ཐན་དང་ཕ་ཁི་སི་ཐན་གྱི་འཐུས་མི་ཚོགས་པས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ་དང་ཨེ་ཤེ་ཡའི་བདེ་འཇགས་རྣམ་པ་དང་། ལྷག་པར་དུ་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་དང་། ལྟ་སྟངས་འདྲ་མཉམ་འཛིན་པ། གླེང་མོལ་དང་གྲོས་མོལ་ལ་བརྟེན་ནས་ཕྱོགས་འགལ་ཞི་བས་ཐག་གཅོད་བྱེད་པ་སོགས་ཀྱི་འདུ་ཤེས་གལ་ཆེན་ལ་ཚད་མཐོའི་གདེང་འཇོག་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས་ཀྲུང་གོ་ཕྱོགས་ཀྱི་འདུམ་འགྲིག་ལས་དོན་དང་དེ་བཞིན་མགྲོན་བདག་ཕྱོགས་ནས་བཀོད་སྒྲིག་ཞིབ་ཚགས་བྱས་པར་བསྔགས་བརྗོད་ཆེན་པོ་བྱེད་པ་དང་ཐུགས་རྗེ་ཆེ་ཞུ་གི་འདུག་ལ། ཀྲུང་གོ་ཕྱོགས་ཀྱིས་དྲང་པོ་དྲང་གཞག་དང་སེམས་ནུས་ཡོད་རྒུ་བཏོན་པའི་ངོས་འཛིན་ཡང་བྱེད་ཀྱི་འདུག

    ཁོང་གིས་གསུངས་དོན། ཨ་ཧྥུ་ཀ་ནི་སི་ཐན་དང་ཕ་ཁི་སི་ཐན་ཕྱོགས་གཉིས་པོས《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས》ཀྱི་དགོངས་དོན་དང་དེ་བཞིན་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ཁག་ལྔ་གཞིར་བཟུང་ཕྱོགས་འགལ་གང་མགྱོགས་སེལ་བར་གཞོལ་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་བར་འདུམ་ཐུབ་པ་བྱ་རྒྱུའི་བསྐྱར་བསྒྲགས་བྱས་པ་དང་། གནས་ཚུལ་ཛ་དྲག་ཏུའམ་ཡང་ན་རྙོག་འཛིང་ཅན་དུ་འགྱུར་བའི་བྱ་སྤྱོད་མི་སྤེལ་རྒྱུའི་མོས་མཐུན་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་ཕྱོགས་གཉིས་པོ་དང་འབྲེལ་མཐུད་བྱས་ནས་གླེང་མོལ་ལས་སྟེགས་མཁོ་འདོན་བྱས་ཏེ། ཨ་ཧྥུ་ཀ་ནི་སི་ཐན་དང་ཕ་ཁི་སི་ཐན་ཕྱོགས་ཀྱི་འབྲེལ་བ་ལེགས་སུ་དང་འཕེལ་རྒྱས་འགྲོ་བ་དང་། ཀྲུང་གོ་དང་། ཨ་ཧྥུ་ཀ་ནི་སི་ཐན། ཕ་ཁི་སི་ཐན་བཅས་ཕྱོགས་གསུམ་པོའི་དངོས་སྒྲུབ་མཉམ་ལས་ཟབ་ཏུ་འགྲོ་བར་དགེ་མཚན་ལྡན་པའི་ནུས་པ་འདོན་གྱི་ཡིན།

    ཁོང་གིས་གསུངས་དོན། ཉིན་7རིང་ཕྱོགས་གཉིས་དང་ཕྱོགས་གསུམ་པོའི་དབར་ཞལ་འཛོམས་ཐེངས་མང་བྱས་པ་བརྒྱུད། ཀྲུང་གོ་ཕྱོགས་ཀྱིས་ཞལ་འཛོམས་ཀྱི་གནས་ཚུལ་དང་ཐུན་མོང་གི་ངོས་འཛིན་ལ་དོ་སྣང་བྱུང་བ་དང་འབྲེལ་ཕྱོགས་སྡོམ་བྱས་པ་གཤམ་གསལ། ཨ་ཧྥུ་ཀ་ནི་སི་ཐན་དང་ཕ་ཁི་སི་ཐན་གྱིས་རྒྱལ་ཁབ་གཉིས་པོ་ནི་སྤུན་ཟླ་མུའུ་སི་ལིན་དང་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་བསྐྱར་བསྒྲགས་བྱས་ཡོད། ཕྱོགས་གསུམ་པོས་མིག་སྔའི་ཟང་ཟིང་དང་འགྱུར་ལྡོག་ཆེ་བའི་རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་འོག་ཨ་ཧྥུ་ཀ་ནི་སི་ཐན་དང་ཕ་ཁི་སི་ཐན་གྱིས་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་མཐུན་རྒྱུན་འཁྱོངས་བྱེད་པ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་དང་དེ་བཞིན་ཨེ་ཤེ་ཡ་ལྷོ་མའི་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་གལ་འགངས་ཤིན་ཏུ་ཆེ་བའི་ངོས་འཛིན་བྱས་པ་རེད། ཕྱོགས་གསུམ་པོས་གླེང་མོལ་དང་གྲོས་མོལ་བྱེད་པ་ནི་ཨ་ཧྥུ་ཀ་ནི་སི་ཐན་དང་ཕ་ཁི་སི་ཐན་གྱི་ཕྱོགས་འགལ་ཚུད་པའི་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་རྩོད་གཞི་ཐག་གཅོད་བྱེད་པའི་དངོས་ཡོད་ཀྱི་ཐབས་ལམ་ནུས་ལྡན་ཞིག་ཡིན་པའི་ནན་བཤད་བྱས་པ་རེད། ཕྱོགས་གསུམ་པོས་ཕྱོགས་ཡོངས་ཀྱི་ཇུས་གཞིར་བརྟེན་ནས་ཨ་ཧྥུ་ཀ་ནི་སི་ཐན་དང་ཕ་ཁི་སི་ཐན་གྱི་འབྲེལ་བའི་ཁྲོད་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུའི་མོས་མཐུན་བྱས་པ་དང་འབྲེལ། ལྟེ་བ་དང་སྔོན་ལ་ཐག་གཅོད་བྱེད་དགོས་པའི་གནད་དོན་གསལ་སྟོན་བྱས་པ་རེད། ཀྲུང་གོ་ཕྱོགས་ཀྱིས་འཇིགས་སྐུལ་རིང་ལུགས་ནི་ཨ་ཧྥུ་ཀ་ནི་སི་ཐན་དང་ཕ་ཁི་སི་ཐན་གྱི་འབྲེལ་བར་ཤུགས་རྐྱེན་ཐེབས་པའི་ལྟེ་བའི་གནད་དོན་ཡིན་པའི་ནན་བཤད་བྱས་པ་རེད། ཕྱོགས་གསུམ་པོས་ཝུའུ་ལུའུ་མུའུ་ཆིའི་འཕེལ་རིམ་ལ་དོན་དངོས་ཀྱི་དོན་སྙིང་ལྡན་པའི་ངོས་འཛིན་བྱས་པ་མ་ཟད། མུ་མཐུད་འབྲེལ་མཐུད་དང་གླེང་མོལ་རྒྱུན་འཁྱོངས་བྱ་རྒྱུའི་མོས་མཐུན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།