ཕྱི་འབྲེལ་པུའུ་ཡིས་སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སིས་ཀྲུང་གོར་འཚམས་འདྲི་གནང་རྒྱུའི་འབྲེལ་ཡོད་བཀོད་སྒྲིག་ངོ་སྤྲོད་བྱས་པ།
སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སིས་ཟླ་4ཚེས་11ནས་15ཉིན་བར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་རྒྱུ་རེད། ཚེས་8ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ད་ཐེངས་ཀྱི་འཚམས་འདྲིའི་འབྲེལ་ཡོད་བཀོད་སྒྲིག་ངོ་སྤྲོད་བྱས་པ་རེད།
མའོ་ཉིང་གིས་བརྗོད་དོན། ད་ཐེངས་ཀྱི་འཚམས་འདྲི་ནི་དབུ་བཞུགས་བློན་ཆེན་སང་ཆེ་སིས་ལོ་བཞིའི་ནང་ཀྲུང་གོར་འཚམས་འདྲི་གནང་ཐེངས་བཞི་པ་དེ་ཡིན་ལ། ན་ནིང་སི་ཕེན་གྱི་རྒྱལ་པོ་དང་དབུ་བཞུགས་བློན་ཆེན་ཀྲུང་གོར་འཚམས་འདྲི་གནང་ཚུན་ཀྲུང་གོ་དང་སི་ཕེན་དབར་དུས་ཡུན་ཐུང་ངུའི་ནང་སླར་ཡང་གལ་ཆེའི་མཐོ་རིམ་གྱི་འགྲོ་འོང་བྱས་པ་ཞིག་རེད། འཚམས་འདྲི་གནང་རིང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁོང་དང་མཇལ་འཛོམས་གནང་རྒྱུ་དང་། ཙུང་ལི་ལི་ཆང་དང་ཨུ་ཡོན་ཀྲང་ཀྲའོ་ལེ་ཅིས་སོ་སོར་ཁོང་དང་གྲོས་མོལ་དང་མཇལ་འཛོམས་གནང་ནས་ཕྱོགས་གཉིས་པོའི་འབྲེལ་བ་དང་ཐུན་མོང་དོ་ཁུར་བྱེད་པའི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་རྒྱུ་རེད།
མའོ་ཉིང་གིས་བརྗོད་དོན། ཀྲུང་གོ་ཕྱོགས་ཀྱིས་སི་ཕེན་ཕྱོགས་དང་མཉམ་དུ་དབུ་བཞུགས་བློན་ཆེན་སང་ཆེ་སིས་ཀྲུང་གོར་འཚམས་འདྲི་གནང་བའི་གོ་སྐབས་དང་བསྟུན་ནས་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་སྔར་བས་ཟབ་ཏུ་གཏོང་བ་དང་། སྤེལ་རེས་དང་མཉམ་ལས་ཟབ་ཏུ་གཏོང་བ། ཕྱོགས་མང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བར་གྲུབ་འབྲས་བཟང་པོའི་སྟེང་དེ་བས་འབྲེལ་བ་ཟབ་ཏུ་གཏོང་བར་སྐུལ་འདེད་བཏང་ནས་འཛམ་གླིང་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་དྲང་ནུས་དེ་བས་མང་བ་ལེགས་སྐྱེས་འབུལ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།