སྡེ་ཚན་དྲུག་གིས་ཡིག་ཆ་བཀྲམ་ནས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་དེ་བས་ཡག་པ་ཞུས་པ།
དྲ་ཐོག་ཚོང་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཚེས་6ཉིན། གསར་འགོད་པར་ཚོང་དོན་པུའུ་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། ཚོང་དོན་པུའུ་སོགས་སྡེ་ཚན་དྲུག་གིས《དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་དེ་བས་ཡག་པ་ཞུས་ཏེ་དྲ་ཐོག་ཚོང་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་ཞིང་། དེའི་དམིགས་ཡུལ་ནི་དྲ་ཐོག་ཚོང་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། ཆུ་ཚད་མཐོ་བའི་སྒོ་དབྱེ། ནུས་ཆེའི་བཅོས་སྐྱོང་བཅས་ལ་སྐུལ་འདེད་རྒྱུན་མཐུད་བཏང་ནས་དངོས་ཚན་དཔལ་འབྱོར་བརྟན་དུ་དང་སྟོབས་ཆེར་གཏོང་བར་དེ་བས་ཞབས་འདེགས་ཡག་པོ་ཞུ་ཆེད་རེད།
ཚོང་དོན་པུའི་དྲ་ཐོག་ཚོང་དོན་སིའི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། དྲ་ཐོག་ཚོང་དོན་ནི་དངོས་ཚན་དཔལ་འབྱོར་ལ་རྩ་བ་ཚུགས་ཤིང་དངོས་ཚན་དཔལ་འབྱོར་ལས་འཕེལ་རྒྱས་བྱུང་བ་ཞིག་ཡིན་པས། དངོས་ཚན་དཔལ་འབྱོར་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་མ་ཟད། དངོས་ཚན་དཔལ་འབྱོར་ལ་མཐུན་རྐྱེན་སྦྱོར་བའི་དམ་འཛིན་བྱེད་གཞི་གལ་ཆེན་ཞིག་ཀྱང་རེད། བསམ་འཆར་ནང་སྐུལ་འདེད་དང་ཚད་ལྡན་དང་། ལས་ཕྱོད་དང་དྲང་གཞག གསོན་ཤུགས་དང་སྒྲིག་ལམ་བཅས་ལ་སྤྱི་འདོམས་བྱས་ཏེ། ཕྱོགས་5ཡི་བྱེད་ཐབས་16བཏོན་ནས་དྲ་ཐོག་ཚོང་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒྲོམ་གཞིའི་མ་ལག་བཙུགས་ཡོད།
མཐུན་རྐྱེན་སྦྱོར་བ་དང་ཕན་འབྲས་ཆེ་རུ་གཏོང་བར་ཤུགས་སྣོན་རྒྱག་པའི་ཐད་བསམ་འཆར་ནང་ཁེ་ལས་འབྲིང་ཆུང་གི་ཕྱོགས་སྒྱུར་ལ་རམ་འདེགས་དང་། གྲོང་གསེབ་ཀྱི་དྲ་ཚོང་ཟབ་གཏོང་། ཐོན་ལས་དྲ་ཚོང་སྐྱེད་སྲིང་བཅས་ཀྱི་བྱེད་ཐབས་གསུམ་བཏོན་ཏེ། དྲ་ཚོང་གི་ལེགས་ཆར་བརྟེན་ནས་དངོས་ཚན་དཔལ་འབྱོར་གྱི་རྨང་གཞི་བརྟན་དུ་དང་སྟོབས་ཆེར་གཏོང་བར་རམ་འདེགས་བྱས་ཡོད།
གསར་གཏོད་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པའི་ཐད་བསམ་འཆར་ནང་ལག་རྩལ་གསར་གཏོད་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤུས་ལེགས་འཛད་སྤྱོད་འཕེལ་རྒྱས་ཤུགས་ཆེན་གཏོང་བ། མཉམ་འདྲེས་གཞི་རྟེན་ཧུར་ཐག་གཏོད་པ་བཅས་ཀྱི་བྱེད་ཐབས་གསུམ་བཏོན་ཏེ། དྲ་ཐོག་དང་དྲ་ཕྱིའི་མཉམ་འདྲེས་ཟབ་ཏུ་བཏང་ནས་ཆུ་ཚད་དེ་བས་མཐོ་བའི་མཁོ་སྤྲོད་དོ་སྙོམས་ཡོང་བར་རམ་འདེགས་བྱས་ཡོད།
ཆུ་ཚད་མཐོ་བའི་སྒོ་དབྱེར་སྐུལ་འདེད་གཏོང་བའི་ཐད་བསམ་འཆར་ནང་རྒྱལ་སྒྲོལ་དྲ་ཚོང་ལ་སྐུལ་འདེད་གཏོང་བ་དང་། “དར་གོས་ལམ་བུའི་དྲ་ཚོང”རྒྱ་ཆེར་གཏོང་བ། ལམ་ལུགས་རྣམ་པའི་སྒོ་དབྱེ་མགྱོགས་སུ་གཏོང་བ། སྒྲིག་སྲོལ་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བྱེད་ཐབས་བཞི་བཏོན་ནས་ཀྲུང་གོའི་དྲ་ཐོག་ཚོང་དོན་གྱི་ཁྲོམ་ར་ཆེན་མོ་མཉམ་སྐྲུན་མཉམ་སྤྱོད་བྱས་ཡོད།
སྐྱེ་ཁམས་བཟང་པོ་གཏོད་པའི་ཐད་བསམ་འཆར་ནང་ལས་སྟེགས་ཀྱི་འགན་འཁྲི་ནན་དུ་གཏོང་བ་དང་། རྒྱུན་རྣམ་ཅན་གྱི་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ། སྒྲིག་སྲོལ་དང་མཐུན་པའི་མཚོ་བགྲོད་ལ་མཛུབ་ཁྲིད་བྱེད་པ་བཅས་ཀྱི་བྱེད་ཐབས་གསུམ་བཏོན་ནས་སྐྱེ་ཁམས་ཀྱི་ཕྱོགས་ཁག་གཉིས་ཁེ་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།
འདེགས་སྐྱོར་འགན་ལེན་ལ་ཤུགས་སྣོན་རྒྱག་པའི་ཐད་བསམ་འཆར་ནང་དངུལ་རྩའི་ཐོན་རྫས་མཁོ་སྤྲོད་ལེགས་སུ་གཏོང་བ་དང་། གྲངས་གཞིའི་རྒྱུ་རྐྱེན་གཙོ་བོའི་རིན་ཐང་འཕར་བར་བྱེད་པ། ཤེས་ལྡན་པ་གནད་སྨིན་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་བྱེད་ཐབས་གསུམ་བཏོན་ནས་དྲ་ཐོག་ཚོང་དོན་འཕེལ་རྒྱས་ཀྱི་རྨང་གཞི་རྒྱུན་མཐུད་བརྟན་དུ་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།