རང་རྒྱལ་གྱི་རྒྱལ་ནང་གི་སྣུམ་རིན་ལ་སྙོམས་སྒྲིག་ཇི་ལྟར་བྱེད་པ་ཡིན་ནམ།
ཟླ་4ཚེས་7ཉིན་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཆ་འཕྲིན་ཡོངས་བསྒྲགས་བྱས་པར། ཟླ་4ཚེས་7ཉིན་གྱི་ཆུ་ཚོད་24ནས་བཟུང་རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ(ཚད་ལྡན་སྣུམ)གྱི་རིན་གོང་ཏུན་རེར་སྒོར་800དང་སྒོར་770ཁག་སོ་སོར་སྤར་བ་དང་། སྙོམས་སྒྲིག་བྱས་རྗེས་དངོས་སུ་སྒོར་420དང་སྒོར་400སོ་སོར་སྤར་བ་རེད། དེའང་ཟླ་3ཚེས་23ཉིན་རྒྱལ་ནང་གི་སྣུམ་རིན་སྙོམས་སྒྲིག་བྱས་རྗེས་རྒྱལ་ཁབ་ཀྱིས་སླར་ཡང་སྙོམས་སྒྲིག་བྱེད་ཐབས་སྤྱད་པ་ཞིག་རེད།
སྣུམ་རིན་འཕར་ཆག་ལ་མི་རྣམས་ཀྱིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། རང་རྒྱལ་གྱི་རྒྱལ་ནང་གི་སྣུམ་རིན་གཏན་འཁེལ་ཇི་ལྟར་བྱེད་ཀྱི་ཡོད་དམ། གནས་ཚུལ་གང་དག་གི་འོག་ཏུ་སྙོམས་སྒྲིག་བྱེད་ཐབས་སྤྱོད་ཀྱི་ཡོད་དམ། གལ་ཏེ་དུས་མཇུག་ཏུ་རྒྱལ་སྤྱིའི་མ་བཅོས་སྣུམ་གྱི་རིན་གོང་ཆེས་ཆེར་འཕར་ན་སྙོམས་སྒྲིག་བྱེད་ཐབས་ཅི་ཞིག་སྤྱོད་རྒྱུ་རེད་དམ། གནད་དོན་འདི་དག་ལ་དམིགས་ནས་གསར་འགོད་པས་འབྲེལ་ཡོད་སྡེ་ཚན་དང་རིགས་གཅིག་མཁས་ཅན་ལ་བཅར་འདྲི་ཞུས་པ་ཡིན།
རྒྱལ་ནང་གི་སྣུམ་རིན་དེ་རྒྱལ་སྤྱིའི་མ་བཅོས་སྣུམ་གྱི་རིན་གོང་དང་འབྲེལ་བ་ཡོད།
ཀློག་པ་པོས་སེམས་ཁུར་བྱེད་དོན། རང་རྒྱལ་གྱི་རྒྱལ་ནང་གི་སྣུམ་རིན་གཏན་འཁེལ་ཇི་ལྟར་བྱེད་ཀྱི་ཡོད་དམ།
ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་རྒྱལ་ནང་གི་སྣུམ་རིན་ལམ་སྲོལ་གྱི་གཞི་འཛིན་ས་གཙོ་བོ་ནི་2016ལོར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་བཀྲམ་པའི《རྡོ་སྣུམ་གྱི་རིན་གོང་དོ་དམ་བྱ་ཐབས》(གཤམ་དུ《བྱ་ཐབས》ཞེས་བསྡུ་རྒྱུ)དེ་ཡིན་ཞིང་། རང་རྒྱལ་ནི་རྡོ་སྣུམ་ནང་འདྲེན་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པ་དང་མ་བཅོས་སྣུམ་ནང་འདྲེན་བསྡུར་གྲངས་70%ལས་བརྒལ་ཡོད། 《བྱ་ཐབས》ནང་། རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་གྱི་རིན་གོང་དེ་རྒྱལ་སྤྱིའི་ཁྲོམ་རའི་མ་བཅོས་སྣུམ་གྱི་རིན་གོང་འགྱུར་ལྡོག་ལ་གཞིགས་ནས་ལས་ཀའི་ཉིན་10རེར་ལེགས་སྒྲིག་ཐེངས་རེ་བྱེད་དགོས་པ་ཁ་གསལ་བཏོན་ཡོད།
རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་རིན་གོང་མ་གནས་དང་བདེན་དཔང་ར་སྤྲོད་ལྟེ་གནས་ཀྱི་ཁྲུའུ་ཀྲང་གཞོན་པ་ལུའེ་ཀྲི་ཁྲེན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ལམ་སྲོལ་དེར་འགག་རྩའི་གནས་2ཡོད་པ་སྟེ།
རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་གྱི་རིན་གོང་དེ་རྒྱལ་སྤྱིའི་མ་བཅོས་སྣུམ་མང་པོའི་ཆ་སྙོམས་རིན་གོང་དང་འབྲེལ་བ་ཡོད་ཅིང་། རིན་གོང་ལེགས་སྒྲིག་ལ་ཤུགས་རྐྱེན་སྣ་མང་ཐེབས་པ་ལས་རྒྱལ་སྤྱིའི་མ་བཅོས་སྣུམ་སྣ་གཅིག་གི་རིན་གོང་གི་ཤུགས་རྐྱེན་ཐེབས་པ་ཞིག་མིན།
རིན་གོང་སྙོམས་སྒྲིག་བྱེད་ཚད་ནི་དུས་ཚོད་ཀྱི་མཚམས་ཚིགས་རེ་གཉིས་སམ་ཡང་ན་ཉིན་ཁ་ཤས་ཀྱི་རྒྱལ་སྤྱིའི་མ་བཅོས་སྣུམ་གྱི་རིན་གོང་འགྱུར་ལྡོག་ལས་གཏན་འཁེལ་བ་ཞིག་མིན་པར། རིན་གོང་སྙོམས་སྒྲིག་མ་བྱས་གོང་གི་ལས་ཀའི་ཉིན་10ཡི་རྒྱལ་སྤྱིའི་མ་བཅོས་སྣུམ་མང་པོའི་ཆ་སྙོམས་རིན་གོང་དང་ཐེངས་གོང་མའི་རིན་གོང་སྙོམས་སྒྲིག་མ་བྱས་གོང་གི་ལས་ཀའི་ཉིན་10ཡི་ཆ་སྙོམས་རིན་གོང་གི་གནས་ཚུལ་ལ་ལྟ་དགོས་ཀྱི་ཡོད།
གནས་སྐབས་སྙོམས་སྒྲིག་བྱེད་པ་ལས་རྒྱལ་སྤྱིའི་སྣུམ་རིན་རྒྱུན་གཏན་མིན་པར་འཕར་བའི་གནས་ཚུལ་ཞི་ལྷོད་དུ་གཏོང་བར་ཕན་ཐོགས་ཡོད།
ཀློག་པ་པོས་སེམས་ཁུར་བྱེད་དོན། གནས་ཚུལ་གང་འདྲ་ཞིག་གི་འོག་ཏུ་རྒྱལ་ཁབ་ཀྱིས་སྣུམ་རིན་ལ་སྙོམས་སྒྲིག་བྱེད་ཐབས་སྤྱོད་ཀྱི་ཡོད་དམ།
ཀྲུང་གོ་གཞི་ཆེའི་དཔལ་འབྱོར་ཞིབ་འཇུག་ཁང་ནུས་རྒྱུ་སུའོ་དཔལ་འབྱོར་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཐེན་ལེ་ཡིས། ད་ལྟ་ལག་བསྟར་བྱེད་པའི་ལམ་སྲོལ་ལྟར་ན། རིན་གོང་སྙོམས་སྒྲིག་མ་བྱས་གོང་གི་ལས་ཀའི་ཉིན་10ཡི་ནང་རྒྱལ་སྤྱིའི་མ་བཅོས་སྣུམ་མང་པོའི་རིན་གོང་ཟོམ་རེར་ཨ་སྒོར་130ལས་མཐོ་བའམ་ཡང་ན་ཨ་སྒོར་40ལས་དམའ་བ་ཡོད་ཚེ། རྒྱལ་ཁབ་ཀྱིས་རིན་གོང་སྙོམས་སྒྲིག་བྱེད་ཐབས་སྤྱོད་ཀྱི་ཡོད་ཅེས་བརྗོད།
དེའི་གཞི་འཛིན་ས་གཙོ་བོ་ནི《བྱ་ཐབས》ཀྱི་དོན་ཚན་བདུན་པ་སྟེ། “རྒྱལ་ནང་གི་རིན་གོང་གི་སྤྱིའི་ཆུ་ཚད་མངོན་གསལ་དོད་པོས་འཕར་བའམ་ཐོལ་བྱུང་དོན་རྐྱེན་ཚབས་ཆེན་ཐོན་པ། ཡང་ན་རྒྱལ་སྤྱིའི་ཁྲོམ་རའི་སྣུམ་རིན་རྒྱུན་གཏན་མ་ཡིན་པའི་འཕར་ཆག་བྱུང་བ་སོགས་ཀྱི་དམིགས་བསལ་གནས་ཚུལ་འོག་སྣུམ་རིན་ལ་སྙོམས་སྒྲིག་བྱེད་དགོས་པ”དང“རིན་གོང་སྙོམས་སྒྲིག་གནས་སྐབས་མཚམས་འཇོག་པ་དང་ནར་འགྱངས་བྱེད་པའམ་ཡང་ན་སྙོམས་སྒྲིག་བྱེད་ཚད་ཆུང་དུ་བཏང་ཆོག”ཞེས་པ་དེ་རེད།
“ད་ལྟ་ལག་ལེན་བསྟར་བཞིན་པའི་རིན་གོང་ལམ་སྲོལ་གྱི་སྒྲོམ་གཞི་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་ཐོག་རྒྱལ་ནང་གི་སྣུམ་རིན་ལ་གནས་སྐབས་ཀྱི་སྙོམས་སྒྲིག་བྱས་ཚེ། འཛད་སྤྱོད་པ་དང་ཐོན་སྐྱེད་པ་གཉིས་ཀའི་ཁེ་ཕན་ལ་ལྟ་རྟོག་ཐུབ་པ་དང་། རྒྱལ་སྤྱིའི་སྣུམ་རིན་རྒྱུན་གཏན་མ་ཡིན་པ་ལས་བྱུང་བའི་ཕོག་ཐུག་ཞི་ལྷོད་དུ་གཏོང་བ་དང་སྤྱོད་མཁན་གྱི་ཁུར་པོ་ཡང་དུ་གཏོང་རྒྱུར་ཕན་ཐོགས་ནས། དཔལ་འབྱོར་བརྟན་པོའི་ངང་འཁོར་རྒྱུག་དང་སྤྱི་ཚོགས་ཀྱི་དམངས་འཚོ་འགན་ལེན་བྱེད་ཐུབ”ཅེས་ཐེན་ལེ་ཡིས་བརྗོད།
འབྲེལ་ཡོད་གསར་འགྱུར།